གྲོས་ཚོགས་ཀྱིས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་ཡོད།

Trimdik kyarchoe tsokchungTrimdik kyarchoe tsokchung

སྐབས་ ༡༤ པའི་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་བསྐྱར་བཅོས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཅོས་ཐེངས་ ༢༥ པར་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཐོན་བྱུང་སྟེ་རྩ་འཛིན་ལག་བསྟར་ཞུ་བཞིན་པ་ལྟར། སྐབས་ ༡༥ སྤྱི་ལྷན་ཚོགས་དུས་དང་པོའི་ཐོག་སྤྱི་མོས་གྲོས་ཆོད་དགོངས་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་སོང་བའི་རྗེས་འབྲེལ་ཁྲིམས་ཡིག་དང༌། སྒྲིག་གཞི་ཁག་ལ་བསྐྱར་བཅོས་ཇི་དགོས་དང༌། གཞན་ཡང་ཁྲིམས་ཡིག་དང༌། སྒྲིག་གཞི་དེ་དག་ལ་བསྐྱར་བཅོས་དགོས་ངེས་རིགས་བཅས་ཀྱི་ཆེད་ཚོགས་མི་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་འཛུགས་གནང་དགོས་ཞེས་གསལ་བ་ལྟར། ཟླ་ ༦ ཚེས་ ༣ ཉིན་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་སྤྱི་འཐུས་པདྨ་འབྱུང་གནས་ལགས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་བཅས་སུ་བསྐོ་གཞག་བཀོད་ཁྱབ་གནང་འདུག་པ་དང་། ཚོགས་ཆུང་ནང་ཁུལ་ནས་སྤྱི་འཐུས་པད་མ་འབྱུང་གནས་ལགས་ཚོགས་གཙོ་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཚོགས་དྲུང་དུ་འདེམས་བསྐོ་གནང་ཡོད།

ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ཚེས་ ༣ ཉིན་ཚོགས་གཙོ་སྦྲེལ་པོའི་སར་ཆེད་བཅར་གྱིས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཞུས་ཡོད་པ་དང་། ཕྱི་ཚེས་ ༦ རེས་གཟའ་ཟླ་བ་ནས་བཟུང་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཀྱི་ལས་དོན་དངོས་སུ་འགོ་འཛུགས་གནང་ཡོད།

ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ནང་། ཚོགས་ཆུང་གི་ལས་དོན་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ནས་འགོ་འཛུགས་གནང་དགོས་པ་དང༌། འཛིན་སྐྱོང་དང་རང་དབང་ཅན་གྱི་སྡེ་ཚན་གསུམ་དང་འབྲེལ་ཆགས་ཁྲིམས་སྒྲིག་ཁག་བསྐྱར་བཅོས་ཀྱི་འཆར་འབུལ་གནང་ཕྱོགས་ཐད་ཚོགས་ཆུང་ནས་ཁུངས་སོ་སོར་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། མཐར་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང༌། བསྐྱར་བཅོས་ཟིན་བྲིས་ཁག་བཅས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ པའི་ཚེས་ ༥ ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུར་འཁུར་བསྐྱེད་གནང་གལ་ཞེས་གསལ་ཡོད་པ་དང་། ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཁག་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༢ པའི་སྟེང་བགྲོ་གླེང་གཏན་འབེབས་གནང་འཆར་ཡོད་པ་རེད། །