གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་རང་ལུས་ཞུགས་མེར་བསྒྲོན་པའི་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༣ རེས་གཟའ་པ་སངས་ཉིན། གསེར་རྟ་རྫོང་ཕུ་འུ་ཤང་དུ་བོད་མི་གསུམ་གྱིས་བོད་རང་དབང་གི་དོན་དུ་རྒྱ་དམར་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་ཞུགས་མེར་བསྒྲོན་འདུག་པ་དང་། དེའི་ཁྲོད་ནས་འདས་གྲོངས་སུ་ཕྱིན་པའི་བོད་མི་དེའི་མིང་དང་ས་གནས་ཞིབ་གསལ་མེད་པ་དང་། གཞན་གཉིས་ནི་ཕུ་འུ་ཤང་ཞོ་སང་སྡེ་པའི་རང་ལོ་ ༦༠ ཡས་མས་ཡིན་པའི་ཚབ་ཚའི་ཚེ་རིང་ལགས་དང་། འབུམ་ཤུལ་སྡེ་པའི་རང་ལོ་ ༣༠ ཡས་མས་ཡིན་པའི་སྐྱ་རིས་ལགས་རེད་འདུག གསེར་རྟ་རྫོང་དུ་རྒྱ་ལོའི་ལོ་གསར་སྐབས་བོད་རིགས་ཞི་རྒོལ་བར་མདེལ་ཆར་ཕབས་ཏེ་བསད་རྨས་ཚབས་ཆེན་བཏང་བའི་ཛ་དྲག་གནས་སྟངས་ད་དུང་མུ་མཐུད་ཡོད་པ་དང་། རྒྱ་དམག་ཕོན་ཆེ་འགྲེམས་འཇོག་གིས་བོད་མི་ཚོའི་འགྲུལ་བཞུད་དང་བརྒྱུད་ལམ་སོགས་ཀྱང་བཀག་སྡོམ་བྱས་ཡོད་སྟབས། ས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་དཀའ་བ་ཆགས་ཡོད།

 

དེ་བཞིན་དུ་ཕྱི་ཟླ་ ༢ ཚེས་ ༤ རེས་གཟའ་སྤེན་པའི་ཞོགས་པར་སེར་ཤུལ་རྫོང་དབོན་པོ་ཤང་ཐོག་ཏུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཤང་སློབ་གྲྭའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་དང་། ཡིག་ཆ་མང་པོ་སྦྱར་འགྲེམས་བྱས་སྟབས། ད་ལྟ་རྫ་སྨད་དབོན་པོ་དགོན་གྲོང་གཉིས་ཧ་ཅང་དམ་དྲག་འོག་ཏུ་བཙུད་དེ། དབོན་པོ་ཤང་དང་དབོན་པོ་དགོན་དུ་འགྲོ་བསྐྱོད་བཀག་སྡོམ་དང་། ཟ་ཁང་དང་ཚོང་ཁང་ཁག་གི་སྒོ་ཕྱེ་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་འདུག

ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དང་སྲིད་གཞུང་ནས་ས་གནས་ཁག་ལ་དཔྱིད་གསར་དུས་ཆེན་དང་བོད་ལོའི་ལོ་གསར། ཕྱི་ཟླ་ ༣ པ་བཅས་ཀྱི་སྐབས་སུ་འབྲེལ་ཡོད་གཏན་འབེབས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་པའི་ཛ་དྲག་བརྡ་ཐོ་ཟེར་བ་དང་། ནན་ཏན་གྱི་སྒོ་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་ཉེ་དུས་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལག་ལེན་དོན་འཁྱོལ་དགོས་པའི་ཛ་དྲག་བརྡ་ཐོ་ཟེར་བ་གཉིས་བཀྲམས་ཏེ། བརྟན་ལྷིང་སྲུང་སྐྱོབ་སླད། ལག་གང་སྔ་བརྩད་དེ། རང་འགུལ་གྱིས་ཕར་རྒོལ་བྱེད་དགོས་ལུགས་དང་། བརྟན་ལྷིང་བཀོད་འདོམས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། ལས་ཁུངས་ཁག  རིམ་པ་སོ་སོའི་གྲོང་གསེབ་ཏུ་བཅའ་སྡོད་ལས་དོན་རུ་ཁག དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱི་ལས་དོན་གནས་སྟངས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། གནད་དོན་བྱུང་མཚམས་འཕྲལ་དུ་ཐག་གཅོད་དང་སྙན་སེང་ཞུ་དགོས་ཞེས་དང་། བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ལ་འཐུས་ཤོར་གཏོང་མཁན་རིམ་པ་གང་གི་ལས་བྱེད་སུ་ཞིག་ཡིན་ཡང་འཕྲལ་མར་ལས་གནས་ཕྱིར་བསྡུ་བྱ་རྒྱུ་དང་། ཚབས་ཆེ་རིགས་སྲིད་ཁྲིམས་ཚན་པར་ཉེས་དོན་གྱི་འགན་ཁུར་བརྩད་ཞིབ་བྱེད་དུ་འཇུག་རྒྱུ་ཞེས་སོགས་དམག་བསྐུལ་གྱི་བརྡ་ཐོ་ལྟ་བུ་ཞིག་བཏང་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རང་དབང་འཐབ་རྩོད་བརྩོན་ལེན་གནང་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་། གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། གཞིས་བྱེས་བོད་མི་ཚེ་སྲོག་གི་ཕུང་པོ་གཅིག་ཏུ་གྲིལ་ཏེ། བོད་རང་དབང་གི་དམིགས་ཡུལ་གཅིག་ལ་འབད་སྒྲུབ་ཀྱི་རླབས་ཕྲེང་དགུང་ལ་འཕྱོ་བའི་སྐབས་འདིར། མེ་ལྕེའི་ཀློང་ནས་མཆེད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་འབོད་སྒྲ་རེ་རེ་དང་། དྲག་དཔུང་གི་མདེལ་ཆར་ཁྲོད་ནས་རང་དབང་ལ་མངོན་དུ་ཕྱོགས་པའི་གད་རྒྱངས་རེ་རེ་ས་ཆེན་འདིའི་བཙན་རྒོལ་ལོ་རྒྱུས་ཀྱི་ཟུབ་དུ་མེད་པའི་ལེ་ཚན་གཟི་འོད་འཕྲོ་བ་ཞིག་ཏུ་ཅིས་ཀྱང་འགྱུར་ངེས་ཤིང་། དམ་དྲག་གི་གྲང་ངར་འདིས་བོད་དོན་བདེན་མཐའ་གསལ་བའི་རེ་བའི་ས་བོན་སྦྲུམ་ཡོད་པས། གཞིས་བྱེས་མཉམ་འཛོམས་ཀྱི་མེ་ཏོག་བཞད་པར་ཐེ་ཚོམ་མེད།

རྒྱ་གཞུང་གི་བྱེད་བབ་ལ་བལྟས་ན། དཔུང་དང་འབྱོར་བའི་དྲེགས་པ་རྒྱས་པའི་སྲིད་དབང་འདིས་དུས་རབས་ ༢༡ པའི་ནང་དུའང་ད་དུང་དྲག་ཤུགས་ཁོ་ན་སྐྱབས་སུ་འཛིན་ཞིང་། དཀའ་རྙོག་མཐའ་དག་འབུར་འཇོམས་དང་། དམ་བསྒྲགས། དྲག་གནོན་ཁོ་ནས་མེད་པར་བཟོ་ཐབས་བྱེད་ཅིང་། དེའི་ལྷན་ཐབས་སུ་རྫུན་དང་། ཧམ་པ། དཀར་ནག་གོ་ལྡོག་གི་དྲིལ་བསྒྲགས་ཡ་ང་བག་ཚ་མེད་པར་སྤེལ་བཞིན་ཡོད། ལྕགས་ཡོས་ལོའི་ནང་བོད་མི་སྐྱ་སེར་ཕོ་མོ་ ༡༩ ཡིས་རང་ལུས་ཞུགས་འབུལ་གནང་སྟེ། སེར་སྐྱ་ ༡༣ སྐུ་སྲོག་ཤོར་ཡོད་པ་དང་། རང་རིགས་ ༦ རང་ལུས་ཞུགས་འབུལ་གནང་རྗེས་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་ཡོད། ཉེ་ཆར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས། རྒྱ་གཞུང་སྤྱི་བདེ་ལས་བྱེད་དང་དྲག་ཆས་ཉེན་རྟོག་མི་སྣས་ཞི་རྒོལ་མང་ཚོགས་ཁྲོད་མེ་མདའ་གང་བྱུང་བརྒྱབས་ཏེ། ཉུང་མཐར་ཡང་བོད་མི་ ༥ དམར་གསོད་བཏང་བ་མ་ཟད། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ད་ལྟའི་ཆར་ཞི་རྒོལ་འབྱུང་ཡུལ་ས་ཁུལ་ཕལ་ཆེ་བ་མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་འོག་བཙུད་དེ། ཉིན་མཚན་དུས་དྲུག་ཏུ་སྲོག་ཉེན་གྱི་དངངས་སྐྲག་གིས་འཚོ་བཞིན་ཡོད། ད་ནི་རྒྱ་གཞུང་གིས་བོད་མིའི་ཚེ་སྲོག་གི་རིན་ཐང་བརྩི་བཀུར་བྱེད་རྒྱུའི་འགྱུར་མཚམས་གལ་གནད་ཅན་ཞིག་ཏུ་སླེབས་ཡོད་ལ། བོད་མིའི་ཚེ་སྲོག་ཅི་ཙམ་མེ་ལྕེ་དང་མདའ་མཚོན་འོག་རུ་འགྲོ་མིན་དང་། བོད་རྒྱའི་དཀའ་རྙོག་ཇི་ལྟར་སེལ་མིན་གྱི་འགན་ཁུར་དང་ནུས་ཤུགས་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པ་དང་། ད་དུང་མུ་མཐུད་བོད་མིའི་ཐོག་དྲག་གནོན་དང་། བོད་དོན་འགྲིག་འཇགས་ལ་དུས་འགྱངས་ཀྱི་བྱེད་ཐབས་འབའ་ཞིག་ལག་བསྟར་བྱས་ཚེ། དེ་ལས་བྱུང་བའི་ངན་འབྲས་མཐའ་དག་རྒྱ་གཞུང་གིས་འགན་ཁུར་ལེན་དགོས།

ཉེ་ཆར་སྤྱི་འཐུས་ལྷན་ཚོགས་ནས་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་པ་དེའི་ནང་སྤྱི་ལྷན་ཀྱི་བསམ་ཚུལ་དང་དགོས་འདུན་ཁག་གསལ་སྟོན་བྱས་ཡོད་པ་དང་། སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་ཆེད་བསྐྱོད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལྡི་ལིར་བཅའ་སྡོད་གཞུང་ཚབ་ཁག་ལ་ཐུག་འཕྲད་ཀྱིས་ཞུ་སྐུལ་བྱ་རྒྱུའི་ལས་འཆར་སྒྲིག་སྐབས། རྒྱ་ནག་གཞུང་ཚབ་ནས་སྤྱི་ལྷན་སྐུ་ཚབ་ལ་ངོ་ཐུག་བྱ་རྒྱུ་ལྟ་ཞོག  ད་དུང་གཞུང་ཚབ་གཞན་དག་ལ་ཡི་གེ་བཏང་སྟེ་སྤྱི་ལྷན་སྐུ་ཚབ་ལ་ཐུག་འཕྲད་མི་བྱེད་པའི་སྐུལ་སློང་བྱས་འདུག་པ་དེའི་ཐོག་ནས་ཀྱང་སྲིད་དབང་འདིའི་སྐྱུག་བྲོ་བའི་བྱེད་སྟངས་རོབ་ཙམ་མཐོང་ཐུབ་པ་ཡིན།

རྒྱ་གཞུང་ནས་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་གཏོང་རྒྱུར་ང་ཚོས་འབོད་སྐུལ་རིམ་པར་བྱས་པ་ལ་སྣང་མེད་བཏང་བར་བློ་ཕམ་ཡོད་ཅིང་། བོད་ནང་ཞི་ལྷིང་གི་ཁོར་ཡུག་ཕུགས་འཕེར་ཞིག་དགོས་གལ་མཐོང་གི་ཡོད་ཚེ། དམག་དཔུང་ཕྱིར་འཐེན་དང་། དྲག་གནོན་མཚམས་འཇོག དེ་བཞིན་གཞུང་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་སྒྲོ་སྐུར་གྱི་རྫུན་སྒྲོག་དེ་རིགས་མི་དགོས་པར། བོད་མིའི་སྐུ་ཚབ་བོད་ནང་གཏོང་རྒྱུའི་སྲིད་འཛིན་ཧུའུ་ལ་ཕུལ་བའི་སྙན་ཞུའི་དོན་གནད་དེའི་སྐོར་བསྐྱར་ནན་ཞུ་རྒྱུ་ཡིན།

རང་དབང་མང་གཙོའི་སྲིད་གཞུང་དང་གྲོས་ཚོགས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བློ་འཚབ་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་པ་གང་ལེགས་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་། ཡོངས་ཁྱབ་རིན་ཐང་ལ་འདི་ལྟར་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་རྫབ་ཆེན་འདི་ལྟ་བུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང་། རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད།

འཛམ་གླིང་ཁྱོན་དུ་གནས་འཁོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཕྱི་ཟླ་ ༢ པའི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་བོད་ནང་གདུང་སེམས་མཉམ་བསྐྱེད་ཀྱི་བཀའ་ཤག་གི་མཆོད་འབུལ་སྨོན་ལམ་དང་། དེ་བཞིན་སྤྱི་ལྷན་གྱི་ལོ་གསར་ཚེས་ ༡ ཉིན་གྱི་ཟས་བཅད་སྨྱུང་གནས་ལ་མཉམ་ཞུགས་རྒྱ་ཆེར་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༦ ལ།།