གསུམ་བཅུའི་དུས་དྲན་ཐེངས་ ༤༢ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ཕྱི་ཟླ་༣ ཚེས་༡༠ ཉིན་མོ་འདི་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་མང་ཚོགས་རྣམས་མ་བགྲོས་བསམ་པ་གཅིག་མཐུན་དང་། ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་ཕྱི་རྒྱལ་བཙན་འཛུལ་བ་དགྲ་བོ་རྒྱ་དམར་གྱི་དྲག་དཔུང་ལ་འཚེ་མེད་ཞི་མཐུན་གྱིས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་༤༢ ཧྲིལ་པོ་འཁོར་བའི་དུས་དྲན་ཡིན་ཅིང་། དུས་ཡུན་དེའི་རིང་བོད་རྒྱལ་ཁབ་མི་རིགས་རང་དབང་དང་བཅས་པའི་དོན་དུ་རྩ་ཆེའི་ལུས་སྲོག་ལེགས་སྐྱེས་ཕུལ་ཏེ་འདས་སོང་བ་བོད་མི་ས་ཡ་གཅིག་ལྷག་བརྒལ་བ་དང་། ད་ལྟ་རྒྱ་དམར་གྱི་ཁྲིམས་གཅོད་མིང་འདོགས་སྣ་ཚོགས་འོག་དཀའ་སྡུག་ཚད་མེད་བསམ་ཡུལ་ལས་འདས་པ་དམྱལ་བ་མི་ཡུལ་དུ་མྱོང་བཞིན་པའི་བོད་མི་བཙོན་པ་རྣམས་ཀྱི་དཔའ་འཛངས་སྙིང་སྟོབས་དང་། རྒྱལ་གཅེས་ལྷག་བསམ་བཅས་པར་བསྔགས་བརྗོད་དང་སྦྲགས་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣག་པའི་འདོད་དོན་རང་ཡུལ་རང་དབང་སླར་གསོའི་རྒྱལ་ཁ་མྱུར་དུ་འཐོབ་ཅིང་། འཕགས་མཆོག་སྱན་རས་གཟིགས་ཀྱིས་ཚེ་རབས་གཏན་དུ་མཉེས་ཤིང་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ།
འདས་པའི་ལོ་༤༢ རིང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེད་གཅིག་ཉིད་ནི་རྒྱ་དམར་ལ་དགྲ་བོའི་འདུ་ཤེས་ཞེ་འཁོན་སྡང་འཛིན་ཡོངས་སུ་སྤངས་ཏེ་ཕན་ཚུན་གོ་དོན་ལེགས་རྟོགས་ཡོང་ཐབས་དང་། བོད་རྒྱའི་དཀའ་ངལ་སེལ་ཕྱོགས་སྐོར་རྒྱ་དམར་སྲིད་གཞུང་རང་ལ་མེས་འཚིགས་མེར་གཏུགས་ཀྱི་འབྲེལ་ལམ་ལན་རྒུ་ཆད་མཐུད་གནང་བ། རྒྱ་རིགས་སྤྱི་བྱིངས་ལའང་ཆོས་སྲིད་གང་ལ་གང་འོས་འབྲེལ་ཟབ་ཐབས་མཁས་ཐུགས་རྗེའི་མཛད་པ་འཕྲིན་ལས་སྐྱོང་བཞིན་པར་རྒྱ་རིགས་མང་ཚོགས་དང་། ལྷག་པར་ན་གཞོན་ཤེས་ཡོན་ཅན། ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་ཅན་རྣམས་ཀྱིས་བོད་མིའི་བདེན་དོན་གནས་ལུགས་ལེགས་རྟོགས་རྗེས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གནས་བབ་སྤྱོད་དགོས་ལུགས་དང་། ༸གོང་ས་མཆོག་གི་དབུ་མའི་ལམ་གྱི་ཞི་བའི་གྲོས་འཆར་ནི་འཕྲལ་ཕུགས་གཉིས་སུ་བོད་རྒྱ་གཉིས་སྨན་ཐོག དགོངས་ཡངས་དཀྱེལ་ཆེའི་དགོངས་བཞེས་མཛད་བྱུས་ཡང་དག་ཅིག་ཡིན་གནས་སོགས་དོན་དུ་དབུ་མའི་ལམ་གྱི་གྲོས་འཆར་ལ་དོན་དམ་གྱི་རྒྱབ་སྐྱོར་ཤུགས་ཆེ་ཡོང་མུས་ས་རིས་ཐང་གསལ་དང་། རྒྱ་རིགས་ཚོས་ཤ་ཚའི་རྒྱབ་སྐྱོར་དབུགས་དབྱུང་འདི་དག་ནི་བོད་མིས་འགངས་ཆེར་རྩིས་ཏེ་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད།
འོན་ཀྱང་རྒྱ་དམར་སྲིད་གཞུང་གི་དབང་འཛིན་པ་ཚོས་མགོ་རུས་སྣ་བས་མ་ཚོར་བའམ། འོན་པའི་བརྟུལ་ཞུགས་བཟུང་སྟེ་༸གོང་ས་ཆེན་པོའི་གྲོས་འཆར་སྔ་རྗེས་ཁག་ལ་ཚུལ་མཐུན་ཡ་ལན་བདག་སྤྲོད་ཀྱིས་གྲོས་མོལ་སྣེ་ཁྲིད་འགོ་འཛུགས་བྱ་རྒྱུ་ལྟ་ཞོག་༸ གོང་ས་ཆེན་པོའི་སྐུ་ཚེ་དུས་ཡུན་ལ་ཚད་བཀག་རེ་ངན་བཅངས་ཏེ་ཉིན་འགྱངས་ཞག་ཕུད་ཀྱི་གཡོལ་ཐབས་སྲིད་བྱུས་འཛིན་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་ཡིན།
རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ལ་མཚོན་ནའང་སྔ་ལོ་ཕྱི་ཟླ་༧ པའི་ནང་ཡོ་རོབ་སྤྱི་མཐུན་གྲོས་ཚོགས་ཀྱིས་བོད་དོན་སྐོར་གྲོས་ཆོད་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གཟིགས་སྐྱོང་འོག་བར་འདུམ་གྱི་གྲོས་མོལ་གནང་བ་བརྒྱུད་ལོ་གསུམ་ནང་ཚུད་བོད་ལ་གནས་བབ་གསར་པ་ཞིག་ཡོང་ཐབས་ཐད་རྒྱ་ནག་གཞུང་དང་། བཙན་བྱོལ་བོད་གཞུང་དབར་གྲོས་མཐུན་མ་བྱུང་བ་ཡིན་ན་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་སྲིད་གཞུང་ཁག་ནས་བཙན་བྱོལ་བོད་གཞུང་དེ་བོད་ཀྱི་སྐུ་ཚབ་ངོ་མ་ཡིན་པར་དོན་དམ་གྱི་དགོངས་བཞེས་གནང་དགོས་པའི་ཛ་དྲག་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་འཁོད་པ་མ་ཟད། དེ་རྗེས་སི་མི་མི་རིགས་ལྷན་ཚོགས་ནས་ཀྱང་གྲོས་ཆོད་གཟི་བརྗིད་ལྡན་པ་ཞིབ་ཚགས་ཤིག་བཞག་ཡོད་ཅིང་། དེ་སྔ་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཁག་ནང་བོད་དོན་སྐོར་རྒྱབ་སྐྱོར་གྲོས་ཆོད་སྣོལ་འཇོག་ཐོག རྒྱལ་ཁབ་དེ་ཚོའི་དབུ་ཁྲིད་དང་གྲོས་ཚོགས་ཀྱི་མི་སྣ་མང་པོ་རྒྱ་ནག་ལ་འཚམས་གཟིགས་ཕེབས་སྐབས་ཀྱང་༸གོང་ས་ཆེན་པོའི་ལྷན་དུ་གྲོས་མོལ་འགོ་འཛུགས་དགོས་པའི་འབོད་སྐུལ་རིམ་པ་གནང་ཡོད་ཀྱང་། རྒྱ་དམར་ཕྱོགས་ནས་གོ་ཤེས་ཉན་ཤེས་ཀྱི་བརྡ་ལན་གསལ་བ་ཞིག་ད་དུང་ཡོང་མིན་བཅས་ལ་བརྟེན་ད་དུང་ཡང་སྔོན་གྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་མཇུག་གནོན་གནང་རྒྱུའི་དུས་སུ་སླེབས་པར་མངོན་ཅིང་། དེར་བརྟེན་ཚོང་འབྲེལ་གྱིས་མཚོན་ཐབས་ལམ་གཞན་གྱིས་གནོན་ཤུགས་སྤྲད་དེ་དོན་སྙིང་བོད་རྒྱའི་ཞི་མོལ་སྐོར་སྔོན་འགྲོའི་ཆ་རྐྱེན་མེད་པར་འགོ་འཛུགས་འཕྲལ་ལ་ཡོང་ཐབས་སྐོར་ཤུགས་གནོན་ཆེ་བསྐྱེད་སྔར་ལྷག་ཡོང་བའི་འབོད་སྐུལ་ཞུ་རྒྱུ། དེང་སྐབས་བོད་ནང་གི་གནས་སྟངས་ནི་ཤིན་ཏུ་ཛ་དྲག་གི་གནས་སུ་གྱུར་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་བཏོན་པའི་ནུབ་རྒྱུད་དབུལ་པོའི་ས་ཁུལ་ཡར་རྒྱས་ཀྱི་ལས་འཆར་ལ་འཛམ་གླིང་དངུལ་ཁང་ཆེན་མོས་དངུལ་བུན་རོགས་རམ་གནང་རྒྱུ་ཕྱི་བཤོལ་ཟིན་ནའང་། ལས་འཆར་གྱི་འགྲོ་གྲོན་དངུལ་འབབ་ཡོངས་རྫོགས་རྒྱ་གཞུང་གིས་རང་ཤོམ་ཁུངས་སྒྲིག་གིས་མུ་མཐུད་ལག་ལེན་མཇུག་སྐྱེལ་བྱ་རྩིས་ཐོག དེང་སྐབས་བོད་ནང་ནུབ་ཕྱོགས་གསར་སྤེལ་ཆེན་མོ་ཞེས་པའི་ལས་འཆར་འོག་འཛུགས་སྐྲུན་དང་། ལས་རིགས་སྣ་ཚོགས་མིང་འདོགས་ཀྱིས་རྒྱ་རིགས་ལས་མེད་ཁྲི་ཚོ་མང་པོ་བོད་ཀྱི་ས་ཁུལ་ཁག་ནང་གནས་སྤོ་གཞིས་ཆགས་བྱས་ཏེ་བོད་ཀྱི་བདག་པོ་བོད་མི་རྣམས་རིམ་པས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་རྒྱུ། བོད་ཀྱི་རང་བྱུང་གཏེར་མཛོད་ཁག་ཚད་ལས་བརྒལ་བའི་སྔོག་འདོན་གྱིས་ཐོན་སྐྱེད་རྣམས་རྒྱ་ནག་ཏུ་འོར་འདྲེན་བེད་སྤྱོད་བྱེད་པ་སོགས་བོད་ཀྱི་ཕྱི་ནང་སྣོད་བཅུ་ཡོངས་ལ་བཙན་ཤེད་དབང་སྒྱུར་བྱ་རྒྱུའི་ཕུངས་ངན་བསམ་སྱོར་ཞིག་ཡིན། ཆོས་ཕྱོགས་ལ་མཚོན་ནའང་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་སོགས་རྩ་མེད་གཏོང་ཆེད་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་བོད་སྟོད་སྨད་ས་ཁུལ་ཡོངས་སུ་དམ་དྲག་ཆེན་པོས་སྤེལ་ཞིང་། དགོན་ཁག་ལ་གྲྭ་བཙུན་གྱི་གྲངས་ཚད་དང་། གྲྭ་བཙུན་ཚོར་ལོ་ཚད་གཏན་འབེབས། ༸གོང་ས་ཆེན་པོའི་སྐུ་དཔར་དད་རྟེན་དུ་བདག་ཉར་མི་ཆོག་པའི་བཀའ་བཏང་བ། ༸གོང་ས་ཆེན་པོས་ངོས་འཛིན་གཏན་འཁེལ་མཛད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐུ་འཁོར་དང་བཅས་པ་གར་འཁྲིད་ཆ་མེད་ཐོག་ད་ལྟ་འཚོ་གཞེས་ཡོད་མེད་ཀྱང་སོམ་ཉིའི་གནས་སུ་གྱུར་བ། ༸གོང་ས་ཆེན་པོའི་སྐུའི་འཁྲུངས་སྐར་ཉིན་སྐུ་རླུང་དར་འཛུགས་དང་འབྲེལ་བསངས་གསོལ་བྱེད་པའང་ཁ་བྲལ་གྱི་ལས་འགུལ་སྤེལ་བར་ཁྲིམས་ཐོག་ནས་བཀག་སྟེ་མདོར་ན་བོད་མི་ཚོར་ཆོས་བྱེད་ཀྱིས་དབང་སྤ་ཙམ་ཡང་མེད་པ་སོགས་རིག་གནས་གསར་བརྗེའི་གནས་སྟངས་དང་གཉིས་སུ་མེད་པ་ལྟ་བུར་གྱུར་བས་བོད་མི་ཚོས་ཡིད་གཟབ་དགོས་པ་ཡིན།
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་དམར་གྱི་བཙན་འོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུང་བཞེས་ཀྱིས་བཙན་བྱོལ་བོད་གཞུང་གི་སྟི་གནས་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བདེ་ཕེབས་གྲུབ་སྟེ་ལོ་གཅིག་ལྷག་སོང་ཞིང་། ཀརྨ་པ་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་ལ་རྒྱ་གར་ནང་གཏན་བཞུགས་ཆོག་པའི་བོད་མི་བཙན་བྱོལ་བ་སྤྱི་མཚུངས་ཀྱི་གནས་བབ་འབུལ་བཞེས་ཡོང་བར་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་དབུས་ཕྱི་ནང་ཆོས་ཚོགས་ཁག་གིས་རྒྱ་གར་དབུས་སའི་གཞུང་གཉིས་ལ་རེ་སྐུལ་སྐྱབས་འཇུག་རྒྱུན་བསྲིང་ཆེ་བསྐྱེད་ཞུ་འབྲས་སུ་ད་ཆ་རྒྱ་གར་གཞུང་ནས་བཀའ་བཞེས་སྤྱི་སྨིན་བྱུང་བ་ནི་དགའ་སྤྲོ་བལྟས་ཤིང་ཐུགས་ཆེ་རྗེ་ལན་བརྒྱ་ཞུ་རྒྱུ།
སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཡུན་རྫོགས་ཉེའི་དུས་སུ་སླེབས་ཤིང་། ལས་ཁུར་ལོ་ལྔ་ཚན་གཅིག་གི་དུས་ཡུན་རིང་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལྟ་གྲུབ་དང་། རང་དབང་ཁེ་ཕན། ལེགས་སྱངས་སོགས་འཕེལ་རྒྱས་ཡོང་ཐབས་སྤྱི་དང་། ལྷག་པར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་རང་བཞིན་མང་གཙོ་ཚད་ལྡན་ཁྲིམས་ཀྱིས་དབང་བསྒྱུར་དུ་གནས་ཐབས་སྐོར་སྒོ་གསུམ་འབད་འབུངས་ཆེ་བསྐྱེས་ཞུས་ཁུལ་ཡིན་ཅིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་སྒྲིག་གཞི་ཆེ་ཆུང་གྲངས་༢༠ སྐོར་སྔོན་ཡོད་ཐོག གོང་དུས་རིང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་གཙོ་གྱུར་སྒྲིག་གཞི་ཁག ༣ ཙམ་གསར་དུ་གཏན་འབེབས་ཞུས།
༢ སྔོན་གྱི་སྒྲིག་གཞི་ཁག་གཏན་འབེབས་གསལ་བསྒྲགས་གནང་སྟེ་ལོ་རྒྱུས་གང་ཙམ་སོང་བར་དངོས་སུ་ཉམས་གསོག་གིས་རང་རེའི་གནས་སྟངས་དང་འཚམས་ཤིང་། དུས་བསྟུན་ལེགས་ཆའི་བསྐྱར་བཅོས་སྣོན་འཕྲི་གྲངས་༥༠ སྐོར་རིམ་ཅན་དུ་ཞུས་ཡོད།
༣ དེ་བཞིན་སྤྱི་སྨན་གྲོས་ཆོད་གྲངས་༡༡༠ སྐོར་སྣོལ་འཇོག་གནང་ཞིང་། དེ་ཁོེངས་གལ་གནད་ཆེ་བ་ཁག་ནི། ཀ ལྷ་སྲུང་བསྟེན་ཕྱོགས་སྐོར་གྲོས་ཚོགས་ཀྱི་ལམ་སྟོན་གྲོས་ཆོད་སྔ་རྗེས་ཁག་གཉིས་དང་། ཁ བོད་དང་། ཐེ་ཝན་དབར་འབྲེལ་ལམ་གནང་ཕྱོགས་སྐོར་སྔོན་གྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་སྦྲགས་བསྐྱར་སྣོན་གྲོས་ཆོད། ག འབྱུང་འགྱུར་བོད་ཀྱི་རྩ་དོན་དང་། དེའི་སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་བྱེད་བོད་མི་མང་ཚོགས་ནས་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་གསལ་བསྒྲགས་བསྩལ་བའི་ལས་རིམ་དང་གདམ་བྱ་བཅས་ཀྱི་སྐོར་བཀའ་སློབ་སྤྱི་ཐུན་མོང་གིས་བསམ་ཚུལ་བསྡུ་ལེན་ཞུས་པའི་རྒྱ་ཆེའི་མང་ཚོགས་བརྒྱ་ཆ་༦༤་༦༠ ཐམ་པའི་བསམ་ཤོག་གཞིར་བཟུང་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་༸གོང་ས་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་མཛད་གནང་ཡོང་བའི་གསོལ་འདེབས་གྲོས་ཆོད། ང བོད་དང་། རྒྱ་དམར་སྲིད་གཞུང་དབར་འབྲེལ་ལམ་གནང་ཕྱོགས་སྐོར་དེ་སྔའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་སྦྲགས་བསྐྱར་བཅོས་སྣོན་འཕྲི་གནང་བའི་གྲོས་ཆོད། ཅ ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བོད་ལྕགས་སྟག་ཧོར་ཟླ་༡༠ ཚེས་༡༡ ཕྱི་ལོ་༡༩༥༠ ཟླ་༡༡ ཚེས་༡༧ ཉིན་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཐུགས་འགན་བདག་གིར་བཞེས་ཏེ་ཕྱི་ལོ་༢༠༠༠ ནང་མི་ལོ་ཧྲིལ་པོ་༥༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱིས་ལས་རིམ་གཟབ་རྒྱས་ལོ་འཁོར་གཅིག་རིང་གནང་རྒྱུའི་གྲོས་ཆོད། ཆ ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་ཉེན་སྲུང་ཞུ་སྒོའི་སྐོར་འབྲེལ་ཡོད་ལས་ཁུངས་ཁག་དབར་སྤྱི་ཟོམ་དང་། གཡས་ཁག་གཡོན་དཀྲིའི་གནོད་སྐྱོན་ཐལ་ཆ་རིགས་མི་འབྱུང་བའི་ཁུངས་སོ་སོར་བྱེད་སྒོའི་ལམ་སྟོན་དང་། ༸གོང་ས་ཆེན་པོར་ལྷ་ཕྱག་སྔོན་དུ་འགྲོ་བས་གསོལ་འདེབས་ཕུར་ཚུགས་ཞུ་རྒྱུའི་གནད་དོན་ཁག་སྐོར་གྲོས་ཆོད། ཇ བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་༧རྒྱལ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་དམར་གྱི་བཙན་འོག་ནས་འཕགས་ཡུལ་དུ་བདེ་ཕེབས་ཐུབ་པའི་སྐལ་བཟང་ནི་ལོ་རྒྱུས་ཀྱི་དོན་སྙིང་དང་ལྡན་པའི་བྱུང་བ་བཟང་པོ་ཁྱད་དུ་འཕགས་པ་ཞིག་ཡིན་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གུས་བསུའི་གྲོས་ཆོད།
༤ སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཁུར་དམ་འབུལ་ཟིན་མ་ཐག་རྒྱ་བལ་གཉིས་ནང་བོད་མི་འདུ་སྡོད་གཞིས་ཆགས་ཡོངས་ལ་འཚམས་འདྲི་གཟིགས་སྐོར་དང་། ཆབ་སྲིད་དྲིལ་བསྒྲགས་སློབ་གསོར་སྤྱི་འཐུས་རྣམས་ས་བགོས་ཀྱིས་ཆེད་ཕེབས་ཐོག་མང་ཚོགས་ཀྱི་བདེ་སྡུག་གནས་ཚུལ་ཞུས་པ་རྣམས་བཀའ་ཤག་བརྒྱུད་འབྲེལ་ཡོད་ལས་ཁུངས་སོ་སོར་ཕུལ།
༥ མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་དང་། གདམ་བྱའི་སྐོར་མང་ཚོགས་ལ་གོ་བཀོན་གསེས་བཀྲོལ་གྱི་གཟབ་སྦྱོང་སྤྲོད་ཆེད་གོང་བཞིན་ཕྱོགས་ཕེབས་གནང་།
༦ ས་གནས་འཐུས་མི་ཚོགས་འདུའི་ཞུ་སྒོའི་ལས་དོན་ཁག་ལག་ལེན་གཅིག་གྱུར་ཡོང་ཐབས་སྒྲིག་གཞིའི་སྐོར་གསལ་བཤད་འགྲེལ་བརྗོད་དང་། ས་གནས་འཐུས་ཚོགས་མེད་རིགས་ལ་གསར་ཚུགས་བཅས་ཀྱི་ཆེད་གོང་བཞིན་ཕྱོགས་ཕེབས་གནང་།
༧ བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་ཐོག་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་ལས་རིམ་ལག་ལེན་འགོ་འཛུགས་མ་གནང་གོང་འོས་བསྡུའི་སྒྲིག་གཞིའི་སྐོར་ལམ་སྟོན་འགྲེལ་བརྗོད་སླད་གོང་བཞིན་ཕྱོགས་ཕེབས་གནང་།
༨ བོད་མི་སུད་ཚོང་བྱ་ཡུལ་ས་གནས་ཁག་ཏུ་དམིགས་བསལ་རང་བདེན་ཚོགས་ཆུང་མེད་རིགས་ལ་གསར་ཚུགས་སྐོར་ཐབས་ཤེས་འབོད་སྐུལ་སླད་སྤྱི་འཐུས་རྒྱུན་ལས་ཁོངས་ནས་ཚོ་ཁག་གསུམ་ཙམ་ཕྱོགས་ཕེབས་གནང་བ་སོགས་མང་ཚོགས་ཀྱིས་མཁྱེན་རྟོགས་སླད་སྙིང་བསྡུས་ཤིག་ཞུས་པ་ཡིན། ད་ཆ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ལེགས་པར་ཟིན་ཏེ་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་རྒྱུ་དུས་གཏུགས་ལ་སོང་འདི་སྐོར་སྔོན་དུ་འབོད་སྐུལ་གསལ་བསྒྲགས་སྔ་རྗེས་སུ་ཞུས་དོན་བཞིན། སྤྱི་འཐུས་འདེམས་སྒྲུག་གནང་ཕྱོགས་སྐོར་ཡུལ་ཞེན་ཕྱོགས་ལྷུང་དང་། གཞན་ཟེར་གཡམ་རྒྱུགས། ངན་བྱུས་བསླུ་བྲིད་སོགས་ཀྱི་དབང་དུ་མ་སོང་བར་རང་ཚུགས་བརྟན་ཅིང་། སྤྱི་འཐུས་མི་འགྲོ་རྣམས་སྤྱི་མི་ཚད་ལྡན་དང་། ལྷག་བསམ་ཤེས་འབྱོན་ལྡན་ལ། བོད་མིའི་རྩ་དོན་བསྒྲུབ་བྱར་༸གོང་ས་ཆེན་པོའི་དབུ་འོག་དཔུངའདེགས་ཤར་བསྐྱོད་བྱེད་མི་ཞེ་གཅིག་འདེམས་སྒྲུག་ཐུབ་པའི་རང་དོན་རང་གཅེས་ཀྱིས་ད་ོསྣང་སེམས་ཁུར་ཆེ་བསྐྱེད་སྔར་ལྷག་དགོས་རྒྱུ། མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེས་ལྷུན་གྱིས་འགྲུབ་པ་དང་། བོད་ལྗོངས་རང་དབང་གི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༢༠༠༡ ཟླ་༣ ཚེས་༡༠ ལ།།