གཞུང་འབྲེལ་གྲོས་ཆོད།

སྔོན་གླེང༌།

༄ ༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ འཁོད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ ཆེ་ཞེས་ཞུ་རྒྱུ་དང༌། གསུང་འཕྲིན་གྱི་སྙིང་དོན་དུ། “མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་ འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་ འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་ དུས་ལ་བབས་ཡོད་”ཅེས་དང༌།
“ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་ མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་ གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་ གྱུར་ཡོད་”ཅེས་དང༌།
“བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༡ པའི་ནང་སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཞིག་ཡོད་ཀྱང་དེ་ནི་སྔོན་སྲོལ་རྒྱུན་ སྐྱོང་ལྟ་བུ་དང་བར་བརྒལ་གྱི་ཆ་རྐྱེན་ཙམ་ལས་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་ སྲིད་ཀྱི་འགོ་ཁྲིད་བྱེད་མི་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་མེད། དེར་བརྟེན་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་ འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། དེའི་འོག་རྗེས་འབྲེལ་དོན་ཚན་གཞན་དག་དང༌། ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་ རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་ རྒྱུ། དེ་ལྟར་བྱུང་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་ སོགས་ངོས་ཀྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་ འགྲོ་རྒྱུ་དང༌། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་”ཞེས་ སོགས་བཀའ་ལྕི་ཕེབས་པ་འདི་དག་ནི་གུས་འབངས་སྤྱི་འཐུས་རྣམས་མ་ཟད། གཞིས་བྱེས་བོད་མི་སུས་ཀྱང་བློ་ཡུལ་དུ་མི་ཤོང་བའི་ཛ་དྲག་གི་གནས་ཚུལ་ཞིག་ཏུ་ སོང༌། གུས་འབངས་རྣམས་ཟས་བཅུད་གཉིད་བྲལ། ཕྱོགས་བསླད་པའི་མགྲོན་པོ་ལྟར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ལགས་ན། ད་ལམ་གྲོས་ཚོགས་ནང་དང༌། སྤྱི་འཐུས་བཞུགས་མོལ་ཚོགས་འདུ་བཅས་པར་བགྲོ་གླེང་གྲོས་བསྡུར་ཞིབ་རྒྱས་ཞུས་པ་ བཞིན། མཐའ་དོན་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་གལ་ཆེར་མཐོང༌།
གྲོས་ཆོད།

    • ༡༽    གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ནས་ཡིད་ཆེས་བློ་གཏད་རེ་བཅོལ་ཞུ་ཡུལ་ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཀྱི་མགོན་དཔུང་དང༌། མཚོན་རྟགས། བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་ངོ་ཚབ་མཚོན་ངེས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ གཅིག་པུ་དེ་ཡིན་པ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ ཀྱི་སྒྲོམ་གཞི་འདི་ནི་མང་ཚོགས་ཀྱི་མངོན་འདོད་ལྟར་རང་དབང་མང་གཙོའི་ཡུལ་གྲུ་ སྤྱི་དང་མཐུན་པའི་སྒྲིག་འཛུགས་མ་ལག་ཚང་ཞིང༌། ཁྲིམས་སྒྲིག་གི་ནུས་པ་ལྡན་ལ། སྤྱི་པའི་བྱེད་སྒོ་རྣམས་ཚགས་སུ་ཚུད་པ། མང་ཚོགས་ཀྱང་མཉམ་ཞུགས་བྱ་རྒྱུའི་ཚད་གཞི་མཐོ་བ་སོགས་ཀྱི་བོད་མིའི་འཕྲལ་ཕུགས་ ཀྱི་དགོས་མཁོ་དང་མཐུན་པའི་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཡིན། དེ་ཡང་གཞིས་བྱེས་བོད་མི་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ ལ་དད་པ་དམ་ཚིག་དང༌། ཡིད་ཆེས་མོས་གུས་རྩེ་གཅིག་ཏུ་ཡོད་པའི་རྨང་གཞིའི་ཐོག འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ ཀྱིས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང༌། དུས་རྟག་ཏུ་ནན་སྐུལ་མཛད་དང་མཛད་བཞིན་པ་བཅས་ཀྱི་གྲུབ་འབྲས་ཁོ་ན་ཡིན་པས། ད་རེས་སླར་ཡང་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་འཛམ་གླིང་ སྐྱེ་འགྲོ་སྤྱི་དང༌། ཁྱད་པར་བདག་ཅག་བོད་འབངས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་ དམ་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་གདུང་ཤུགས་དྲག་པོས་ ཞུ་རྒྱུ་ཡིན། ༼སྤྱི་མོས།༽
    • ༢༽    མགོན་པོ་གང་གིས་བར་ལམ་བཀའ་སློབ་རིམ་ཕེབས་དང༌། ད་རེས་གསུང་འཕྲིན་རིན་པོ་ཆེ་བཀའ་དྲིན་སྤྱི་སྩལ་བཅས་བོད་འབངས་ཡོངས་ཀྱི་འཕྲལ་ ཕུགས་བདེ་ཐབས་སུ་ཐུགས་བརྩེ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ནི་ སྨོས་ཅི་དགོས། འོན་ཏེ་བདག་ཅག་ཁ་བ་རི་པ་རྣམས་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ ཉག་ཅིག་གིས་འཚོ་བ་དང༌། མགོན་པོ་གང་ཉིད་ཀྱི་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ ཟིན་པའི་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ། ལྷག་པར་ྋརྒྱལ་མཆོག་སྐུ་ཕྲེང་ན་རིམ་དང་བོད་དང་བོད་མིའི་དབར་དམིགས་བསལ་འབྲེལ་ ལམ་དམ་ཟབ་ཡོད་པ་བཅས་བོད་འབངས་རྣམས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་གཉིས་ཀྱི་ ཡང་དག་པའི་དབུ་ཁྲིད་ལས་བསྐལ་པ་ཇི་སྲིད་བར་དུ་ནམ་ཡང་འབྲལ་ཐབས་མེད་ངེས་ལགས་ པའི་བྱུང་རབས་སྤྱི་དང༌། བྱེ་བྲག་ཉེ་བའི་དུས་ཀྱི་ཆར་ཡང་ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང༌།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས་རིམ་པའི་ གྲོས་ཆོད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་ཀྱི་སྙན་ཐོ། དེང་སྐབས་ཀྱང་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་བོད་མི་མང་ཚོགས་ཀྱིས་གསོལ་འདེབས་ ྋསྙན་ཞུ་ལུ་གུ་རྒྱུད་དུ་ཕུལ་དང་འབུལ་བཞིན་པ་བཅས་ཀྱི་ནང་དུ་ཇི་གསལ་ལྟར་དང༌། ལྷག་པར་མི་ལོ་ ༥༠ ལྷག་རིང་བོད་ལྗོངས་དེ་བཞིན་རྒྱ་ནག་བཙན་འཛུལ་བས་ཧམ་བཟུང་འོག་གཞིས་ལུས་རྒྱ་ ཆེའི་མི་མང་རྣམས་དཀའ་ཉེན་སྣ་ཚོགས་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་བབ་དང༌། ཁོང་ཚོའི་སྙིང་སྟོབས་དང་རེ་བ་བཅོལ་ཡུལ་ཡང་ྋགོང་ས་མཆོག་ཉིད་ཡིན་པ། བྱེས་སུའང་བོད་དང་བོད་མིར་རྒྱལ་སྤྱིའི་ཁྱོན་གྱི་རྒྱབ་སྐྱོར་དང༌། སྒྲིག་འཛུགས་བརྟན་གནས། རང་དབང་བདེན་པའི་འཐབ་རྩོད་མཐའ་སྐྱེལ་བཅས་ལ་ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ དང་ཁ་འབྲལ་ཐབས་མེད་ངེས་ལགས་པར་བརྟེན། ད་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཡོངས་ཀྱིས་མགྲིན་དབྱངས་ གཅིག་གྱུར་ངང་མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ ཁྲིད་ཀྱི་མཛད་ཁུར་དུས་ནམ་ཡང་འདོར་བ་མེད་པ་མུ་མཐུད་སྐྱོང་བཞེས་ཅི་ནས་ཡོང་ བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། ༼དགག་ཆ་ ༡ ཚད་མཐོའི་མང་མོས།༽
  • ༣༽    བདག་ཅག་བོད་འབངས་སྤྱི་དང་ལྷག་པར་གུས་ཅག་སྲི་ཞུར་གཏོགས་པ་རྣམས་ནས་ཀྱང་མགོན་ པོ་གང་གི་ཐུགས་བཞེད་དང་མཐུན་པའི་སྤྱི་སྒེར་ཁུར་བབ་ཀྱི་ཞུ་སྒོ་རྣམས་ཇི་བཞིན་ སྒྲུབ་མ་ཐུབ་པར་སྙིང་ནས་བཟོད་གསོལ་མཐོལ་བཤགས་ཞུ་བ་དང་སྦྲགས། སླད་མ་འོངས་པར་གཙོ་བོ་བོད་མི་ཡོངས་རྫོགས་མཐུན་ལམ་གཟོང་ཁ་ཆིག་སྒྲིལ་ཡོང་ཐབས་ དང༌། སྤྱི་དོན་ཚགས་སུ་ཚུད་ཐབས་ཀྱི་འགན་འཁུར་སྔར་ལྷག་ཆེ་བསྐྱེད། རང་རང་སྐབས་བབ་ཀྱི་ཞུ་བྱར་ངོ་ལྐོག་མེད་པ་ལྷག་བསམ་རྣམ་དག་གིས་ཧུར་འབུངས་ཞུ་ རྒྱུའི་དམ་བཅའ་འབུལ་རྒྱུ་༼སྤྱི་མོས།༽བཅས་ཀྱི་གྲོས་ཆོད་དུ།     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨ ལ།།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ ཐོག་གྲོས་བསྡུར་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨ ལ་གཏན་