གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་མཇུག་བསྡོམས།

ཕྱི་ཟླ་༡༠ ཚེས་༢༡ ཉིན་གྱི་སྔ་དྲོ་རཱམ་ལི་ལཱ་ཐང་ཆེན་ནས་གཞོན་སྐྱེས་རྣམས་ཀྱིས་འགོ་ཁྲིད་དེ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་རྒྱ་གར་གྲོས་ཚོགས་ལམ་ཆེན་གྱི་ཇན་ཏར་མན་ཏར་ས་གནས་སུ་འབྱོར་བ་དང་། རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་ཡོད་མི་སྣ་མང་པོས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། ཉིན་འདིར་ལས་རིམ་གཙོ་སྐྱོང་དང་རྒྱ་གར་གྱི་སྐུ་མགྲོན་ཁག་གི་གསུང་བཤད་སྙིང་བསྡུས་རེ་བོད་སྐད་དུ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་བསྒྱུར་བཤད་བྱས་ཡོད་པ་རེད།

ཕྱི་དྲོ་ཆུ་ཚོད་༤ དང་ཕྱེད་ཙམ་གྱི་ཐོག་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པས་དཔའ་བོ་དཔའ་མོ་དྲན་གླུ་དང་། མྱ་ངན་གུས་འདུད་མཚོན་པའི་གདུང་དབྱངས་ཁག་གཉིས་གཟིགས་འབུལ་གྲུབ་རྗེས། ལ་དྭགས་ཀྱི་གཞས་པ་གྲགས་ཅན་ཕུན་ཚོགས་ལགས་ཀྱིས་༧གོང་ས་མཆོག་ལ་བསྟོད་གླུ་དང་བོད་མི་རིགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་གདུང་དབྱངས་ཤིག་ཀྱང་ཕུལ་ཡོད་པ་རེད། དེའི་རྗེས་སུ་སེར་སྐྱ་མི་མང་ཡོངས་ཀྱིས་མར་མེའི་ཁྲོམ་སྐོར་དང་། བདེན་ཚིག་སྨོན་ལམ་དབྱངས་དང་བཅས་གསུངས་གྲུབ་མཚམས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རེ་ཞིག་མཚམས་འཇོག་གནང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་བའི་ནང་། “བོད་ནང་ནས་ཕྱི་ལོ་༢༠༠༨ ནས་བཟུང་སྟེ། ད་ལྟའི་བར་དུ་གནས་སྟངས་ཛ་དྲག་ཆེ་རུ་ཆེ་རུ་འགྲོ་བསྡད་པ་ཞིག་དང་། ལྷག་པར་དུ་ཕྱི་ལོ་༢༠༡༡ གྱི་ཕྱི་ཟླ་༣ ཚེས་༡༦ ཉིན་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་རང་སྲོག་བློས་བཏང་གིས་སྐུ་ལུས་མཆོད་མེར་ཕུལ་བ་དང་། དེ་བཞིན་གྲྭ་ཚེ་དབང་ནོར་བུ། གྲྭ་བློ་བཟང་སྐལ་བཟང་དང་།  བློ་བཟང་དཀོན་མཆོག  སྐལ་བཟང་དབང་ཕྱུག  མི་སྐྱ་མཁའ་དབྱིངས་དང་། ཆོས་འཕེལ། ནོར་བུ་དགྲ་འདུལ། བཙུན་མ་བསྟན་འཛིན་དབང་མོ་བཅས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སོ་སོའི་རང་སྲོག་བློས་བཏང་གི་ཐོག་ནས་སྐུ་ལུས་མཆོད་མེར་འབུལ་བའི་ལས་འགུལ་སྤེལ་ཡོད་པ་རེད། དེའི་ནང་ནས་༥ འདས་གྲོངས་སུ་གྱུར་ཡོད་པ་དང་། ༤ བཙོན་ཁང་དུ་ལྷག་ཡོད་པ་རེད། དཔའ་བོ་དཔའ་མོ་དེ་དག་གི་ནང་མི་སྤུན་མཆེད་ལྟོས་བཅས་ཡོངས་ལ་ལས་འགུལ་འདིའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། ལྷག་པར་དུ་འདས་ཟིན་པའི་དཔའ་བོ་དཔའ་མོ་དེ་དག་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་ཐོག་ནས་མི་ཡི་ལུས་རྟེན་བཟང་པོ་རྙེད་ཐུབ་པ། ཁྱད་པར་དུ་རྒྱ་ནག་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཁྱོན་དུ་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་པོ་བཟོ་ཐུབ་པ། དེ་བཞིན་ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་པ་ཚང་མའི་སེམས་ནང་དུ་སེམས་འགུལ་ཐེབས་ཐུབ་པ། ལྷག་པར་དུ་བོད་ནང་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་མཁན་རྣམས་ལ་ང་ཚོ་འདིར་ཡོད་ད་ཞེས་གདུང་སེམས་མཉམ་བསྐྱེད་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཚོར་བ་སྐྱེ་ཐུབ་པའི་ལས་འགུལ་དེ་གལ་ཆེན་པོ་ཞིག་ཆགས་སོང་ཞེས་ཞུ་རྒྱུ་ཡིན།

ཐོག་མ་ལས་འགུལ་སྤེལ་བའི་སྐབས་སུ་ང་ཚོའི་ལས་འགུལ་དེའི་ངོ་བོ་འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་དང་མཐུན་པ། སྤྱོད་བཟང་ལྡན་པ་བཅས་དོན་ཚན་གསུམ་དམ་བཅའ་བྱས་ནས་ལས་འགུལ་འདི་འགོ་བཙུགས་ཡོད་པ་རེད། ལས་འགུལ་དངོས་སུ་སྤེལ་བའི་སྐབས་སུ་སྔོན་མའི་རེ་བ་ལས་ལྷག་པར། འགོ་ཁྲིད་མཁན་རྣམ་པ་ཡིན་ཡང་འདྲ། མི་མང་མཉམ་ཞུགས་བྱེད་མཁན་རྣམ་པ་ཡིན་ནའང་འདྲ། ཧ་ཅང་གཟི་བརྗིད་དང་། ཧ་ཅང་བསྔགས་བརྗོད་འོས་པ་ཞིག་ཆགས་སོང་ཞེས་ཞུ་རྒྱུ་ཡིན།

གཞན་ཞིག་ལ་རྒྱ་གཞུང་གི་ངོས་ནས་ད་ལྟའི་གནས་སྐབས་ལ། བོད་ནང་གི་བོད་མི་རྣམས་ལ་ལས་འགུལ་གྱི་ངོ་བོ་དེ་དྲག་པོའི་ངོ་བོ་དང་། མུ་མཐུད་ནས་སེམས་ཤུགས་སྐྱེ་བའི་ཆེད་དུ་ང་ཚོས་བརྒྱུད་བསྐུལ་བྱས་པ་རེད་ཅེས་དེ་འདྲ་ཞིག་བཤད་སྡོད་ཀྱི་ཡོད་པ་རེད། དེ་ཁོ་རང་ཚོས་གནས་ཚུལ་ངོ་མ་དེ་སྦས་སྐོང་བྱེད་རྒྱུའི་ཆེད་དུ་དང་། གནས་ཚུལ་ངོ་མ་དེ་ཁ་བསྒྱུར་རྒྱུའི་ཆེད་དུ་བཤད་པ་རེད་མ་གཏོགས། ང་ཚོའི་ལས་འགུལ་འདི་བོད་ནང་བརྒྱུད་སྐུལ་གྱི་ཆེད་དུ་རྩ་བ་ཉིད་ནས་མ་རེད་ཅེས་གདེང་ཚོད་མཐོན་པོའི་ཐོག་ནས་ཞུ་རྒྱུ་ཡིན། ག་རེ་རེད་ཅེ་ན། ང་ཚོས་འཚེ་མེད་ཞི་བ་དང་། དྲང་བདེན། ཕྱི་གསལ་ནང་གསལ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད། ཁ་སང་འདི་གར་རྒྱ་མིའི་གཞུང་ཚབ་ཀྱི་ལས་བྱེད་གཉིས་འགྲོ་གི་ཡོད་རེད་ཟེར་གྱི་འདུག་ཨང་། དེ་དག་གིས་ལས་འགུལ་གྱི་ངོ་བོ་དེ་མཁྱེན་ཐུབ་པའི་ཐོག་ནས་རྒྱ་གཞུང་ལ་ངོ་སྤྲོད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་མ་ཞུས་ཀ་མེད་ཆགས་པའི་རྐྱེན་ཞིག་གི་ཐོག་ནས་ཞུས་པ་རེད་མ་གཏོགས། བོད་ནང་གི་བོད་མི་རྣམས་ལ་ང་ཚོས་འདི་ནས་བརྒྱུད་སྐུལ་གྱི་ཆེད་དུ་རྩ་བ་ཉིད་ནས་མ་རེད། གོང་དུ་ཞུས་པ་བཞིན་ང་ཚོའི་ལས་འགུལ་འདི་དྲང་བདེན་དང་། ཕྱི་གསལ་ནང་གསལ། འཚེ་མེད་ཞི་བའི་ལམ་ནས་ཕེབས་ཀྱི་ཡོད་པ་ལས། དེ་ལས་གཞན་པའི་འགྲེལ་བཤད་གང་ཡང་ཡོད་མ་རེད། དེ་འདྲ་ཡིན་དུས་གོ་བ་ཕྱིན་ཅི་མ་ལོག་པའི་ཐོག་ནས་ཉམས་ཞིབ་བྱས་ནས་ཕར་གནས་ཚུལ་རྩིས་སྤྲོད་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།

དེ་བཞིན་ལས་འགུལ་འདི་བརྒྱུད་ནས་ཞུ་རྒྱུ་གཅིག་ལ། དང་པོ་རྒྱ་གཞུང་ལ་བོད་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཐུབ་དགོས་པ་དང་། ཆོས་དད་རང་མོས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་ཐུབ་དགོས་པ་དེ་ང་ཚོས་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད།

གཉིས་པ། བོད་ནང་དུ་ད་ལྟའི་སྲིད་བྱུས་འདི་ལག་བསྟར་བྱས་པའི་རྐྱེན་གྱིས་ཕྱི་ལོ་༢༠༠༨ ནས་ད་ལྟའི་བར་དུ་ལས་འགུལ་རྒྱུན་མ་ཆད་པར་བྱུང་བསྡད་པ་དེ། རྒྱ་མིའི་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྐྱེན་གྱིས་བྱུང་བ་རེད་མ་གཏོགས། འདི་ནས་བརྒྱུད་བསྐུལ་བྱས་བཞག་པ་ཞིག་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། དེ་ཡིན་དུས་སྲིད་བྱུས་ངན་པ་ལག་བསྟར་བྱས་བཞག་པ་དེ་ཉིན་གཅིག་མཚམས་བཞག་པ་དང་། ང་ཚོས་བོད་ནང་གི་གནས་སྟངས་དེ་ཞི་འཇགས་སུ་འགྱུར་ཐུབ་པ་ཁས་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་ཡིན་དུས་རྒྱ་གཞུང་གིས་ཕྱོགས་གཅིག་ནས་འཆམ་མཐུན་དང་། བདེ་སྐྱིད། བརྟན་ལྷིང་ཞེས་ཤུགས་ཆེན་པོ་བཤད་ཀྱི་ཡོད་པ་རེད། དོན་དུ་འཆམ་མཐུན་དང་། བདེ་སྐྱིད། བརྟན་ལྷིང་དེ་ཚོ་ཤུགས་ཆེན་པོ་དགོས་ཀྱི་ཡོད་ན། བོད་ནང་གི་བོད་མིའི་དགོས་འདུན་དང་། སྦྱར་འགྲེམས་བྱས་བཞག་པའི་ཡིག་ཆ། སྐད་འབོད་བྱས་པ་དེ་དག་གི་དོན་དེ་རྟོགས་ཐུབ་པ་དང་། དེ་དག་གི་གཞི་རྩ་ལ་བདག་པོ་བརྒྱབ་ནས། དོན་དམ་པའི་གུ་ཡངས་ཀྱི་སྲིད་བྱུས་ཤིག་དགོས་ཀྱི་ཡོད་ཅེས་དགོས་འདུན་གཉིས་པ་དེ་ཞུ་གི་ཡོད།

གསུམ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དེ་ཚོ་ལག་བསྟར་ཡོང་ཐབས་སུ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས། ལག་བསྟར་ངེས་པར་དུ་བྱེད་དགོས་ཀྱི་ཡོད་ཅེས་ང་ཚོས་ཞུ་རྒྱུ་ཡིན།

བཞི་པ། བོད་ས་ཁྱོན་ཡོངས་དང་ལྷག་པར་དུ་རྔ་པ་ཀིརྟི་དགོན་པའི་གནས་སྟངས་དངོས་ཡོད་ཇི་ཆགས་དེ་རྒྱལ་སྤྱིའི་ཐོག་ནས་རྟོག་ཞིབ་པ་བསྐྱོད་ཐུབ་པ་དང་། དེ་བཞིན་གསར་འགོད་པ་དེ་ཚོ་བོད་ས་ཁྱོན་ཡོངས་དང་རྔ་པ་ཀིརྟི་དགོན་པའི་ནང་དུ་གནས་སྟངས་རྟོག་ཞིབ་ཆེད་གཏོང་དགོས་ཀྱི་ཡོད། ཆོག་མཆན་སྤྲོད་དགོས་ཀྱི་ཡོད་ཅེས་གོ་སྐབས་འདི་བརྒྱུད་ནས་ཞུ་བཞིན་ཡོད།

ལྔ་པ། རྒྱ་གཞུང་གིས་ད་ལྟ་རྔ་པའི་ནང་དུ་དྲག་ཆས་ཉེན་རྟོག་དམག་མི་འགྲེམས་འཇོག་བྱས་བཞག་པ་དེ་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་དང་། ད་ལྟ་འཚོ་ཞིང་བཞུགས་པའི་རྒྱལ་གཅེས་དཔའ་བོ་མི་བཞི་དེའི་གནས་སྟངས་རྒྱལ་སྤྱིའི་ནང་དུ་གསལ་པོ་བཟོ་དགོས་ཀྱི་ཡོད། ལས་འགུལ་འདི་དང་བརྒྱུད་རིམ་འདི་བརྒྱུད་ནས་ཞུ་བཞིན་ཡོད། གནད་དོན་དེ་དག་ཆེད་ལས་འགུལ་དེ་བཞིན་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་བསྡད་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་བཞིན་ཡོད།

ད་ལྟའི་ལས་འགུལ་འདི་རྣམ་པ་ཚོ་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འདིར་ཕེབས་ཐུབ་པ་དེ་ཧ་ཅང་གི་རིན་ཐང་ཆེན་པོ་ཞིག་དང་། རླབས་ཆེན་ཞིག་ཏུ་བརྩི་བཞིན་ཡོད། སྤྱིར་དུས་ཡུན་ཐུང་ངུའི་ནང་དུ་མི་མང་པོ་འདི་འདྲ་ཞིག་འཛོམས་དགོས་པ་དེར་དཀའ་ལས་མེད་པ་ཞིག་མ་རེད། ཡིན་ནའང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཚོགས་འདུ་འཚོགས་པ། མི་སྣ་རྒྱས་བཅད་བྱེད་རྒྱུ། དཔལ་འབྱོར་གྱི་འགྲོ་སོང་མང་པོ་ཞིག་བཏང་། དེ་བཞིན་མི་ལག་གི་ཐོག་ནས་ཀྱང་མང་པོ་ཞིག་བཏང་ནས། མཐུན་རྐྱེན་ཡོངས་སུ་རྫོགས་པ་ཚང་བའི་ཐོག་ནས་ལས་འགུལ་འདི་སྤེལ་ཐུབ་པ་དང་། ལས་འགུལ་འདིར་མཉམ་ཞུགས་བྱེད་ཐུབ་པ་དེ་ང་ཚོས་ཧ་ཅང་གི་རིན་ཐང་ཆེན་པོ་ཞིག་དང་། གོ་སྐབས་བཟང་པོ་ཞིག་ལ་བརྩི་ཡི་ཡོད། རྣམ་པ་ཚོའི་ངོས་ནས་ཀྱང་རིན་ཐང་ཆེན་པོ་ཞིག་དང་གོ་སྐབས་བཟང་པོ་ཞིག་ལ་བརྩི་དགོས་པ་རེད་ཅེས་ཞུ་རྒྱུ་ཡིན།

ལས་འགུལ་འདི་དངོས་སུ་ཕྱི་ཚེས་༡༩ ནས་༢༡ བར་ཉིན་གསུམ་རིང་སྤེལ་བའི་སྐབས་སུ་རྒྱ་གར་གཞུང་གི་དཔོན་རིགས་གྲོས་ཚོགས་ཀྱི་འཐུས་མི་དང་། གྲོས་ཚོགས་ཀྱི་འཐུས་མི་ཟུར་པ། ང་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་འདྲ་མིན་གྱི་གནད་ཡོད་མི་སྣ་༤༠ ལྷག་ཅིག་འདིར་དངོས་སུ་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད་པ་རེད། ཁོང་རྣམ་པས་ང་ཚོ་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་དང་། ཁོང་རྣམ་པས་མཐུན་འགྱུར་ག་རེ་དགོས་ཀྱང་མུ་མཐུད་ནས་ང་ཚོར་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུངས་པ་རེད། དེ་ཡིན་དུས་ཕྱོགས་གཅིག་ནས་སྡིངས་ཆ་འདིའི་ཐོག་ཏུ་མི་སྣ་འདྲ་མིན་གདན་འདྲེན་ཞུ་ཐུབ་མིན་ལ་མ་ལྟོས་པར། མི་གཞན་གྱིས་གསུང་བཤད་ག་རེ་གནང་མིན་ལ་མ་ལྟོས་པར། བོད་བསྟན་སྲིད་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་ཐུབ་ཀྱི་ཡོད་པ་རེད། ང་རང་ཚོའི་ངོས་ནས་ཀྱང་སོོ་སོའི་སེམས་ནང་དུ་ལྷག་བསམ་དང་སྙིང་སྟོབས། སེམས་ཤུགས་བཅངས། སྙིང་ལ་རུས་པ་བཅུག་ནས་བོད་བསྟན་སྲིད་དང་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་ཐུབ་དགོས་པ་དེ་སོ་སོའི་ངོས་ནས་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད་པ་རེད་ལ། བརྩི་དགོས་ཀྱི་ཡོད་པ་རེད་མ་གཏོགས། མི་གཞན་ཞིག་སྐད་བཏང་ཐུབ་མིན་དང་། དེ་དག་གིས་གཏམ་བཤད་ཡག་སྡུག་གང་བྱས་པ་དེས་ཡིད་འཕྲོག་ནས་བསྡད་རྒྱུ་ཞིག་མ་རེད། ཁོང་རྣམ་པའི་མཐུན་འགྱུར་དེ་གལ་ཆེན་པོ་རེད་དེ། ཕྱོགས་གཅིག་ནས་སོ་སོས་འགན་ཁུར་ནས་སོ་སོའི་མངོན་འདོད་དེ་སོ་སོས་སྒྲུབ་དགོས་པ་དང་། ལས་འགུལ་སྤེལ་དགོས་པ་དེ་ང་རང་ཚོ་བོད་མི་ཡོད་དོ་ཅོག་གིས་གལ་ཆེན་པོ་ཞིག་ཏུ་བརྩི་དགོས་པ་རེད། གནད་དོན་འདིའི་ཐོག་ལ་གནད་ཡོད་ཀྱི་མི་སྣ་ཚོས་གསུང་བཤད་གནང་བཞག་པ་དེ་ཚོའི་ནང་དུ་ང་ཚོ་ལ་རྒྱབ་སྐྱོར་གནང་བ་དང་། ཁོང་རྣམ་པས་ཐབས་ལམ་འདྲ་མིན་གྱི་ཐོག་ནས་བོད་ཀྱི་གནད་དོན་དེ་འདི་འདྲ་འདི་འདྲ་ཆགས་ཀྱི་ཡོད་རེད། འདི་འདྲ་འདི་འདྲ་གནང་དགོས་རེད་ཅེས་གསུངས་ནས་ངོ་སྤྲོད་གནང་བཞག་པ་དེ། རྣམ་པ་ཚོ་འདིར་ཕེབས་པའི་བོད་མི་དེ་ཚོའི་སེམས་ལ་བཅངས་ནས་ཕྱིར་ལོག་འགྲོ་བའི་སྐབས་སུ་ས་གནས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་བརྒྱུད་སྤྲོད་བྱེད་དགོས་པ་དང་། ང་ཚོ་ལ་རྒྱབ་སྐྱོར་འདི་འདྲ་འདུག  སྐུ་མགྲོན་དེ་ཚོས་སྐད་ཆ་འདི་འདྲ་བཤད་ཀྱི་འདུག དེ་ཚོ་ངོ་སྤྲོད་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་རེད་ཅེས་ཞུ་རྒྱུ་ཡིན།

གཞན་པ་ཞིག་ལ་ད་རེས་ཀྱི་ལས་འགུལ་འདིའི་ནང་དུ་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་དང་། དེའི་ནང་ནས་ཀྱང་ནང་པའི་རྒྱལ་ཁབ་ཡིན་ནའང་འདྲ། ནང་པ་མིན་ཡང་རང་དབང་དང་འདྲ་མཉམ་ལ་དགའ་མཁན་གྱི་མི་སྣ་མང་པོ་ཞིག་གིས་ང་ཚོའི་ལས་དོན་འདི་ལ་གདུང་སེམས་མཉམ་བསྐྱེད་བྱུང་འདུག དཔེར་ན་སོག་པོ་དང་། འབར་མ། ཤར་ཏིར་ཀི་སི་ཐན་སོགས་མང་པོ་ཞིག་གིས་ང་ཚོའི་ལས་འགུལ་འདི་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་ཤུགས་ཆེན་པོ་ཞིག་བརྒྱུད་ལམ་འདྲ་མིན་གྱི་ནང་དུ་ཐོན་འདུག དེ་ཡིན་དུས་ལས་འགུལ་འདིའི་རིན་ཐང་ཆེན་པོ་ཞིག་རྒྱལ་སྤྱིའི་ནང་དུ་སླེབས་ཐུབ་སོང་ཞེས་ཞུ་རྒྱུ་ཡིན།

ང་ཚོས་ལས་འགུལ་འདི་སྤེལ་ནས་བོད་ནང་གི་བོད་མི་ཚོའི་སེམས་ལའང་གདུང་སེམས་མཉམ་བསྐྱེད་ཀྱི་གོ་བརྡ་སྤྲོད་ཐུབ་པ་དང་། དེ་བཞིན་རྒྱ་གཞུང་གི་ད་ལྟའི་དབང་འཛིན་པ་དེ་ཚོ་ལ་གོ་བརྡ་སྤྲོད་ཐུབ་པ། རྒྱ་མི་རིགས་ལ་གོ་བརྡ་སྤྲོད་ཐུབ་པ་བཅས་ངོ་བོ་གསུམ་ཐོན་གྱི་ཡོད། བོད་ནང་གི་བོད་མིའི་ངོས་ནས་ཡིན་ནའང་བྱེས་སུ་ཡོད་པའི་བོད་མི་དེ་ཚོར་ང་ཚོས་བློས་གཏད་བྱས་པ་ནང་བཞིན་ཁོང་རྣམ་པས་ང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་འདུག་ཨང་། མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་རང་མོས་དགོས་པའི་འབོད་སྒྲ་སྒྲོག་རྒྱུ་སོགས་ལས་འགུལ་དེ་གཞི་རྒྱ་ཆེ་ཙམ་ཞིག་དང་། ཁོང་རྣམ་པའི་སེམས་ཤུགས་འཕར་ནས། ང་ཚོའི་རྒྱབ་ལོགས་སུ་བོད་རིགས་སྤུན་ཟླ་འདུག་ཨང་། ཞེས་ཁོང་རྣམ་པར་བསམ་བློ་འཁོར་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། ལྷག་པར་དུ་ད་ལྟའི་དཔའ་བོ་དཔའ་མོ་མི་སྣ་དགུ་འདི་དང་། ཁོང་རྣམས་དང་འབྲེལ་བ་ཡོད་པའི་ནང་མི་ལྟོས་བཅས་ཡོངས་ལ་ཚོར་ཤུགས་ཆེན་པོའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་དང་། ཞལ་བཞུགས་པའི་དཔའ་བོ་མི་བཞི་དེའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་གསལ་བཤད་དགོས་པ་དེ་རྒྱ་གཞུང་གི་ལས་འགན་ཆགས་ཀྱི་ཡོད། རྒྱ་གཞུང་གི་ངོས་ནས་དེ་སྦས་སྐོང་བྱེད་རྒྱུ་དང་། ཁག་དཀྲིས་བྱེད་རྒྱུ་དེ་ལས་འགན་མ་རེད། དངོས་ཡོད་ཀྱི་གནས་སྟངས་དེ་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་རྒྱལ་སྤྱིའི་ནང་དུ་གསལ་བསྒྲགས་བྱེད་དགོས་ཀྱི་ཡོད་ཅེས་བོད་ནང་གི་བོད་མི་ཚོ་ལ་གོ་བརྡ་གཅིག་འདི་སྤྲད་ཡོད་པ་རེད།

རྒྱ་གཞུང་གི་དཔོན་རིགས་དེ་ཚོ་ལ་གོ་བརྡ་ག་རེ་སྤྲད་ཡོད་པ་རེད་ཅེ་ན། གོང་དུ་ཞུས་པ་ནང་བཞིན། ང་ཚོས་འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས། བོད་མིའི་ཆེ་མཐོང་དང་གཟི་བརྗིད། བཟོད་པ་སྒོམ་ཐུབ་མཁན། དྲང་བདེན། འཚེ་མེད་ཞི་བའི་ཐབས་ལམ་བཅས་ཀྱི་ཐོག་ནས་ཤར་བསྐྱོད་བྱས་ཡོད་པས། ཁག་དཀྲི་བྱེད་ས་གང་ཡང་མེད། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་གནས་ཚུལ་འདྲ་མིན་འདྲ་སྦས་སྐོང་བྱ་རྒྱུའི་དུས་ཚོད་མ་རེད། དེ་འདྲ་ཡིན་དུས་དངོས་ཡོད་གང་ཡིན་པ་དེ་རྒྱལ་སྤྱིའི་ཐོག་ལ་གསལ་པོ་བཟོ་དགོས་ཀྱི་ཡོད་ཅེས་རྒྱ་གཞུང་ལ་གོ་བརྡ་དེ་སྤྲད་ཡོད་པ་རེད།

གོ་བརྡ་གསུམ་པ་དེ་རྒྱ་མི་རིགས་ལ་གོ་བརྡ་ག་རེ་སྤྲད་ཡོད་པ་རེད་ཅེ་ན། རྒྱ་མི་རིགས་དང་མཉམ་དུ་ང་ཚོ་བོད་མི་རིགས་ཡོད། རྒྱ་མི་རིགས་ལ་ང་ཚོས་ངོ་རྒོལ་དང་འཐབ་རྩོད་བྱེད་དགོས་དོན་གང་ཡང་མེད། རྒྱ་མི་རིགས་ཀྱིས་ཤེས་དགོས་པ་གཅིག་ལ་རྒྱ་མི་རིགས་ཀྱི་ནང་དུ་རང་དབང་གི་གནས་བབ་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་མེད་པ་དེ་གསལ་པོ་ཆགས་ཡོད་རེད། དཔེར་ན་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལིའུ་ཞོ་པའོ་བཙོན་འཇུག་བྱས་སོང་ཨང་། རྒྱལ་སྤྱིའི་ནང་ནས་སོ་སོའི་མི་རིགས་ལ་ཆེ་མཐོང་དང་གཟེངས་བསྟོད་དེ་འདྲ་ཞིག་སྤྲད་ཡོང་དུས། སོ་སོའི་གཞུང་གིས་གཟེངས་རྟགས་བཞེས་པར་ཚབ་ཀྱང་གཏོང་མ་བཅུག་པར། སུ་གཅིག་དང་ཐུག་འཕྲད་བྱེད་མ་བཅུག་པར་བཀག་ཉར་བྱས་སོང་ཨང་། དེ་འདྲའི་ཐོག་ནས་རྒྱ་མི་རིགས་དང་བོད་མི་རིགས་མཉམ་དུ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་དེ་གཅིག་གྱུར་གྱི་ཐོག་ནས་རྩོད་ཀྱི་ཡོད། རྒྱ་མི་རིགས་ལ་ང་ཚོས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་གོ་བརྡ་དེ་སྤྲད་ཡོད་ཅེས་ཞུ་རྒྱུ་ཡིན།

ལས་འགུལ་དེ་ཐོག་མ་བཀའ་སྤྱི་གཉིས་ཀྱི་མཉམ་འབྲེལ་གྱི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་ནས་ཕྱི་ཚེས་༡༩ ཉིན་ནས་ཉིན་གསུམ་ལ་ལྡི་ལི་རུ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། དེའི་སྐབས་སུ་ང་ཚོ་སྤྱི་འཐུས་དེ་ཚོ་ཚོགས་གཙོ་ཚོགས་གཞོན་གྱིས་སྣེ་ཁྲིད་ནས་སྡེ་ཚན་ཁག་བརྒྱད་འདི་གར་བསྡད་ནས་ལས་འགུལ་སྤེལ་བ་དེ་མཁྱེན་གྱི་ཡོད་པ་རེད་མ་གཏོགས། ཕྱི་ལོགས་ནས་ལས་ཀ་བྱས་པ་དེ་མཁྱེན་གྱི་ཡོད་པ་མ་རེད། དེ་ཡིན་དུས་རོབ་ཙམ་ཞུས་ན་བསམ་སོང་།

ད་བར་ལས་འགུལ་འདིའི་སྐབས་རྒྱལ་ཁབ་ཁག་༡༩ ཙམ་གྱི་གཞུང་ཚབ་དང་ཐུག་འཕྲད་བྱུང་སོང་། གཞུང་ཚབ་ཁག་གི་ནང་ནས་ཨ་རི་དང་། ཡུ་རོབ། ལྷག་པར་ཨེ་ཤ་ཡའི་ནང་དུ་ཡོད་པའི་གཞུང་ཚབ་མང་པོ་ཞིག་མཇལ་རྒྱུ་བྱུང་སོང་། ཁོང་རྣམ་པས་བོད་ནང་གི་དངོས་ཡོད་གནས་ཚུལ་དེ་གསལ་པོ་མཁྱེན་གྱི་ཡོད། མཁྱེན་གྱི་ཡོད་པ་ཙམ་དུ་མ་ཟད། ང་ཚོ་ལ་འདི་དང་འདི་བྱུང་སོང་ཨང་ཞེས་གསལ་བཤད་བྱེད་ཀྱི་འདུག ང་ཚོའི་ལས་འགུལ་འདི་གཞུང་ཚབ་རྣམ་པ་བརྒྱུད་ནས་མི་མང་དང་། གཞུང་། ལྷག་པར་དུ་རྒྱལ་ཁབ་སོ་སོའི་ཕྱི་སྲིད་ལས་ཁུངས་ལ་འབྲེལ་བ་བྱེད་ཐུབ་པ་བྱེད་ཀྱི་ཡིན་ཞེས་ཞལ་བཞེས་གནང་སོང་།

དེ་བཞིན་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང་། གྲོས་ཚོགས་ཀྱི་འཐུས་མི་ཟུར་པ། གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་མཇལ་རྒྱུ་བྱུང་བ་རེད། གོ་སྐབས་འདི་ལ་ང་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། རྒྱ་མིས་བོད་ནང་དུ་སྲིད་བྱུས་ག་རེ་ལག་བསྟར་བྱེད་ཀྱི་ཡོད་མེད་དེ་ཚོ་སྙན་གསན་ཞུས་ནས། ཁོང་རྣམ་པའི་ངོས་ནས་ཀྱང་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ངོ་བོ་དེ་ཧ་ལས་པའི་ཡག་པོ་ཞིག་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱི་ཐོག་ནས་འགྲོ་ཐུབ་ཀྱི་འདུག  ལྷག་པར་དུ་བོད་ནང་གི་བོད་མི་དེ་ཚོ་ཧ་ལས་པའི་ལྷག་བསམ་དང་སེམས་ཤུགས་སྙིང་སྟོབས་ཆེན་པོ་རེད་འདུག  ཁྱེད་རང་ཚོས་ངེས་པར་དུ་བོད་ནང་གི་བོད་མི་ཚོས་ལྷག་བསམ་དང་། དེ་གཞི་རྩར་བཞག་ནས་བཙན་བྱོལ་དུ་ཡོད་པའི་བོད་མི་དེ་ཚོས་འཛིན་སྐྱོང་བྱེད་ཐུབ་དགོས་པ་རེད་དཱ་ཞེས་ངོ་སྤྲོད་དེ་འདྲ་གནང་གི་འདུག ཁོ་རང་ཚོའི་གྲོས་ཚོགས་ནང་དུ་ཡིན་ནའང་རུང་། གནད་ཡོད་མི་སྣ་ཁག་ལ་གོ་བརྡ་སྤྲོད་ཐུབ་པ་བྱེད་ཀྱི་ཡིན། ཁྱེད་རང་ཚོའི་མཉམ་དུ་ང་ཚོ་ཡོད་དཱ་ཞེས་རྣམ་པ་ཚོས་མང་བ་ཞིག་མཁྱེན་གྱི་ཡོད་པ་རེད། ཁོང་རྣམ་པ་མང་པོ་ཞིག་འདིར་ཕེབས་ཐུབ་ཡོད་པ་རེད། དེ་འདྲའི་གསལ་བཤད་གནང་གི་འདུག།

ལས་རིམ་གལ་ཆེ་ཤོས་ཤིག་ལ་རྒྱལ་སྤྱིའི་ཆོས་ལུགས་ཁག་གི་མི་སྣ་གནད་ཡོད་དེ་ཚོ་ལ་མཇལ་ནས་དེ་དག་གི་སྙན་ལ་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཞུ་རྒྱུ་དང་། ཁོང་རྣམ་པའི་ངོས་ནས་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་སྨོན་ལམ་མཆོད་འབུལ་གནང་བ་དེ་ཚོ་རྣམ་པ་ཚོས་མཁྱེན་ཡོད་པ་རེད། མེས་པོ་དམ་པ་གན་དྷིའི་བང་སོའི་མདུན་དུ་མཆོད་འབུལ་སྨོན་ལམ་དུ་ཕེབས་ཡོད་པ་རེད། དེའི་ནང་ནས་ཁ་ཆེའི་ཆོས་དཔོན་དེ་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད་པ་རེད་དེ། ཁོང་གི་གསོལ་གྲོད་བསྙུངས་ནས་ཕེབས་ཐུབ་ཡོད་པ་མ་རེད་མ་གཏོགས་གཞན་རྒྱལ་སྤྱིའི་ཆོས་ལུགས་ཡོངས་སུ་རྫོགས་པའི་དབུ་ཁྲིད་དེ་ཚོ་ཕེབས་ནས་བོད་མིའི་ཆེད་དུ་གདུང་སེམས་མཉམ་བསྐྱེད་གནང་བ། དེ་ཙམ་དུ་མ་ཟད། ཁོང་རྣམ་པའི་སྙན་ཞུ་བཟོས་ནས་ཚང་མས་མཚན་རྟགས་བཀོད། དེའི་ནང་དུ་ཁ་ཆེའི་ཆོས་དཔོན་དེས་ཀྱང་མཚན་རྟགས་འགོད་ཐུབ་ཡོད་པ་རེད། དེ་ངེས་པར་དུ་རྒྱ་གར་གྱི་བློན་ཆེན་ལས་ཁུངས་ཁག་ཏུ་ཁོ་རང་ཚོ་རང་སོང་ནས་སྤྲད་ཀྱི་ཡིན་ཞེས་ཆོས་ལུགས་མི་སྣ་གནད་ཡོད་དེ་ཚོའི་ཐོག་ནས་ཀྱང་རྒྱབ་སྐྱོར་ཐོབ་སོང་ཞེས་ཞུ་རྒྱུ་ཡིན།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདིའི་ནང་དུ་གནད་ཡོད་མི་སྣ་མང་པོར་གསུང་བཤད་གནང་དུ་བཅུག་པ་དང་། མཆོད་འབུལ་སྨོན་ལམ་ཞུས་པ། མི་མང་རྣམ་པས་སྐད་འབོད་བྱས་པ་སོགས་ཧ་ལས་པ་སོ་སོ་སེམས་ཤུགས་འཕར་བ་དང་། དེ་ཚོའི་གྲས་དེ་རིན་ཐང་ཆེན་པོ་ཞེ་དྲག་རེད། དེ་ལས་གཞན་པའི་ལས་འགུལ་ག་རེ་སྤེལ་ཡོད་པ་རེད་ཅེ་ན། སྤྱི་འཐུས་ཁག་ཅིག་དང་དགེ་འདུན་པ་གྲངས་༡༩ ཙམ་ཞིག་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་འགན་ཁུར་ནས་ལྡི་ལིར་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་ལྷ་ཁང་ནང་དུ་མཆོད་འབུལ་སྨོན་ལམ་དུ་བཅར་དང་བཅར་བཞིན་པ་ཆགས་བསྡད་ཡོད་རེད། དེ་བརྒྱུད་ནས་བོད་ནང་གི་གནས་ཚུལ་གསལ་པོ་ཡོང་ཆེད། ལྷག་པར་དུ་རྒྱལ་སྤྱིའི་ཆོས་ལུགས་མི་སྣས་བོད་ཀྱི་དངོས་ཡོད་གནས་ཚུལ་ཐོག་ལ། མཆོད་འབུལ་གནང་ཐུབ་པ། རྒྱབ་སྐྱོར་གནང་ཐུབ་པ་ཞིག་ཡོང་ཆེད་དེ་འདྲའི་མཆོད་འབུལ་སྨོན་ལམ་གྱི་ལས་རིམ་ཞིག་འགྲོ་བཞིན་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན།

དུས་ཚོད་མང་པོ་བཀག་མི་དགོས་པར་གོང་དུ་ཞུས་པ་ནང་བཞིན། ང་ཚོས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་འདི་འདྲའི་ལས་འགུལ་གཞི་རྒྱ་ཆེན་པོ། འདི་འདྲའི་ལས་འགུལ་ཞིག་སྤེལ་ཐུབ་པ་དེ་ཧ་ཅང་རིན་ཐང་ཆེན་པོ་རེད་བསམ་པའི་བློ་སྤོབས་སྐྱེ་སོང་། རྣམ་པ་ཚོ་དངོས་སུ་ཕེབས་མཁན་གྱི་སེར་སྐྱ་མི་མང་ཚང་མ་ཁུངས་སོ་སོར་ཕར་འགྲོ་དུས་གཞིས་ཆགས་སོ་སོའི་ནང་ཡིན་ནའང་། ཁ་འཐོར་བོད་མི་གནས་སྡོད་བྱེད་ཡུལ་ཡིན་ནའང་འདྲ། དགོན་སྡེ་གྲྭ་ཚང་ཁག་ཡིན་ནའང་འདྲ། དངོས་སུ་དེ་དང་དེ་འདྲ་བྱུང་སོང་ཞེས་བརྒྱུད་སྤྲོད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ག་ནང་བཞིན་རྒྱལ་སྤྱིའི་ནང་དུ་བོད་མི་འདུ་སྡོད་བྱེད་ཡུལ་གྱི་ས་ཆ་ཆེ་ཁག་ཡོངས་སུ་རྫོགས་པ་ས་གནས་ཕལ་ཆེར་བརྒྱ་ཕྲག་ལྷག་ཅིག་གི་ནང་དུ་ང་ཚོའི་ལས་འགུལ་འདིའི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་མང་པོ་ཞིག་སྤེལ་འདུག དེ་འདྲའི་ལས་འགུལ་སྤེལ་མཁན་དང་། ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདི་བརྒྱུད་ནས་བསྔགས་བརྗོད་ཞུ་རྒྱུ་དང་། ཐུགས་རྗེ་ཆེ་ཞེས་གོ་སྐབས་འདི་བརྒྱུད་ནས་ཞུ་དགོས་པ་ཞིག་ཆགས་ཀྱི་འདུག་བསམ་གྱི་འདུག དེ་འདྲ་ཡིན་དུས་ད་ལྟའི་ལས་འགུལ་གྱི་ངོ་བོ་དང་། ལས་འགུལ་གྱི་བརྒྱུད་རིམ། ལས་འགུལ་གྱི་ཆེ་མཐོང་། ལས་འགུལ་གྱི་གྲུབ་འབྲས་འདི་ལྟ་བུ་བྱུང་སོང་ཞེས་ཞུ་རྒྱུ་ཡིན།

གཞན་པ་ཞིག་ལ་ངས་གོང་དུ་དོན་ཚན་དྲུག་ཞུས་པ་ནང་བཞིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གསར་འགོད་ལྷན་ཚོགས་ཆེན་པོ་ཞིག་འཚོགས་ཐུབ་པ་རེད། དེ་བརྒྱུད་ནས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་རྒྱལ་སྤྱིའི་ནང་དུ་སྐྱེལ་ཐུབ་ཡོད་པ་དང་། གཞན་ཡང་རྒྱ་ཡིག་གི་ནང་དུ་ཡོད་པའི་དྲ་རྒྱ་སོགས་བརྒྱུད་ལམ་མང་པོ་ཞིག་ནང་དུ་ཐོན་ཐུབ་པ་བྱུང་འདུག དེ་ཡིན་དུས་རྒྱ་མི་རིགས་ཀྱིས་ང་ཚོའི་ལས་འགུལ་གྱི་ངོ་བོ་དེ་ཚོ་ཤེས་དགོས་པ་གལ་ཆེན་པོ་ཡིན་དུས། ད་རེས་ཀྱི་ལས་འགུལ་གྱི་གོ་སྐབས་འདི་བརྒྱུད་ནས་གྲུབ་འབྲས་རླབས་ཆེན་ཞིག་ཐོན་སོང་བསམ་གྱི་ཡོད། རང་གཞན་རོགས་གསུམ་ཚང་མས་དགའ་སྒོམ་དགོས་པ་ཞིག་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན། ལས་འགུལ་འདི་ཐོག་མཐུན་འགྱུར་གནང་མཁན་ཡོངས་དང་། ཁྱད་པར་རྒྱ་གར་དབུས་སའི་གཞུང་དང་། སྐོར་སྲུང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་” ཞེས་སོགས་གསུངས་ཡོད་པ་རེད།།