གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད

སྔོན་གླེང་།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ། རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་། གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་བ་རྫོང་ཐོག་གི་ཁྲོམ་གཞུང་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་ལ་ཆོས་དད་རང་དབང་དགོས་ཞེས་སོགས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། དེ་འཕྲལ་རྒྱ་གཞུང་གི་དྲག་ཆས་མི་སྣས་འཁྲིད་ཁྱེར་བྱས་འདུག

ཕྱི་ལོ་ ༢༠༠༨ ཀྱི་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྔ་བ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་མཁན་སེར་སྐྱ་བཅུ་ཕྲག་ལྷག་ཙམ་དམར་གསོད་བཏང་བ་ནས་བཟུང་། རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་སྤྱི་དང་། ལྷག་པར་དུ་རྔ་བ་ཁུལ་ལ་དྲག་གནོན་གྱི་གདུག་རྩུབ་སྲིད་ཇུས་རྒྱུན་མ་ཆད་པར་སྤེལ་ཏེ་འ་ཆད་འུ་ཐུག་བཟོས་ཏེ་ད་ལོའི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་གཅེས་སྲོག་ཤོར་ཡོད་ནའང་། རྒྱ་གཞུང་ནས་ཞི་རྒོལ་བའི་རེ་འདུན་ལ་ཉན་འཇོག་ལས་ལྡོག་སྟེ། རྔ་བའི་ས་གནས་གང་སར་དྲག་དཔུང་འགྲེམས་འཇོག་གིས་དམ་བསྒྲགས་དང་། ཀིརྟི་དགོན་པའི་གྲྭ་པ་རྣམས་ཟླ་བ་ལྔ་ལྷག་རིང་དགོན་པའི་ལྕགས་རིའི་ཕྱིར་ཐོན་དུ་མ་བཅུག་པར་བཙོན་པ་དང་གཅིག་མཚུངས་ཀྱིས་བཀག་སྡོམ། རྔ་བ་དང་ཉེ་ཁུལ་ས་གནས་ཀྱི་རྒྱ་གཞུང་ལས་བྱེད་ ༨༠༠ ཙམ་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་ཏེ་གྲྭ་པ་བརྒྱ་ཕྲག་མང་པོ་དགོན་པ་ནས་ཕྱིར་འབུད་བཏང་ཞིང་། བློ་བཟང་ཕུན་ཚོགས་མེར་བསྲེགས་དོན་རྐྱེན་དང་འབྲེལ་བ་ཡོད་པར་བསྙད་དེ་དགེ་འདུན་པ་གསུམ་ལ་ལོ་བཅུ་ཡན་དང་། དགེ་འདུན་པ་གཞན་གསུམ་ལ་ལོ་གཉིས་དང་ཕྱེད་ནས་གསུམ་བར་གྱི་ཁྲིམས་ཆད་བཏང་བ་སོགས་ད་ལོ་ཕྱི་ཟླ་ ༣ བཟུང་ད་བར་ཉུང་མཐར་ངོ་རྟགས་ཆོད་པའི་སྐྱ་སེར་གྲངས་ ༡༨༠ ཙམ་ཞིག་འཛིན་བཟུང་བཀག་བསྐྱིལ་དང་། དགེ་འདུན་པ་ ༡༠ དང་སྐྱ་བོ་གཅིག་ལ་ལོ་ ༣ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད། གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། དགེ་འདུན་པ་གཉིས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་མ་ཐག རྒྱ་གཞུང་གིས་རྔ་པའི་ཕྱོགས་ཚང་མར་དམག་མི་འབོར་ཆེན་འགྲེམས་འཇོག་དང་། རྔ་པ་རྫོང་མཁར་ཡོངས་ལ་དམ་བསྒྲགས་ནན་མོ་བྱས་ཡོད་པ་མ་ཟད། ཀིརྟི་དགོན་པའི་ནང་ལ་ད་ལྟའང་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་མང་པོས་ཉིན་མཚན་གཉིས་ཀར་བརྡབ་གསིག་སུན་གཙེར་བཟོ་བཞིན་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་ཅིག་འཇོག་དགོས་གལ་འགངས་ཆེ་བར་མཐོང་།

 

གྲོས་ཆོད།

རང་ལུས་མེར་བསྲེགས་གཏོང་མཁན་དགེ་འདུན་པ་གཉིས་ལ་གདུང་སེམས་མཉམ་བསྐྱེད་དང་། གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། རྒྱ་གཞུང་གིས་དྲག་རྩུབ་སྲིད་ཇུས་ཐ་ཤལ་དེ་རིགས་འཕྲལ་དུ་མཚམས་འཇོག་གིས། བོད་མིའི་ཞི་བའི་འདོད་འདུན་ལ་བསམ་ཞིབ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཐོག ལོ་ངོ་དུ་མར་རྒྱུན་མཐུད་པའི་ས་གནས་ཀྱི་ཛ་དྲག་དཀའ་ངལ་ཞི་ལྷིང་ཡོང་སླད། རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་དང་། རང་དབང་གསར་འགོད་པ་ས་གནས་སུ་ངོ་བསྐྱོད་ཐུབ་པ་དགོས་པའི་རེ་སྐུལ་བྱ་རྒྱུ་དང་།

གཞིས་བཞུགས་རང་རིགས་སྤུན་ཟླ་རྣམ་པས་བོད་དང་བོད་མིའི་རྩ་དོན་སླད་ལྷག་བསམ་དང་སྙིང་སྟོབས་གཞོམ་མེད་རྡོ་རྗེའི་ཁམས་སུ་བརྟན་པ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས། ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་སོགས་ཁྲིམས་ཡིག་གིས་འགན་སྲུང་བྱས་པའི་ཐོབ་ཐང་རྣམས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་གྱི་རྒྱ་ལས་མ་འགོངས་པར་རྩོད་ལེན་ཞུ་རྒྱུ་གལ་འགངས་ཆེ་བའི་གཞེན་སྐུལ་ནན་ཏན་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ལ། །

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༠ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང་། །