གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་སུ་གྲོས་ཆོད་དགོངས་དོན་བཞིན་ཚོགས་ཆུང་བསྐོ་འཛུགས་གནང་བ་ལྟར་ལས་དོན་དབུ་འཛུགས་གནང་བ།

༄༅། ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་སྣོལ་འཇོག་གནང་བའི་གཞུང་འབྲེལ་ཡིག་ཆ་ཨང་ ༤༤ པའི་གྲོས་ཆོད་དོན་ཚན་ ༢ པའི་དགོངས་དོན་གཞིར་བཟུང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་སུ་སྤྱི་འཐུས་གསུམ་དང་། འཛིན་སྐྱོང་གི་ལས་བྱེད་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བསྐོ་འཛུགས་གནང་བའི་མི་འགྲོར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་བཅས་ལ་བསྐོ་གཞག་གནང་ཡོད་པ་ལྟར། དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༢ ཉིན་གྱི་སྔ་དྲོ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། དྲུང་ཆེ་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་བཅས་སུ་སྤྱི་མོས་ཀྱིས་ཐུགས་གཏན་ཁེལ་བ་དང་། དེ་ནས་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཙམ་གྱི་ཐོག་ཚོགས་ཆུང་གི་ཚོགས་མི་རྣམས་ནས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས་དངོས་སུ་ལས་དོན་དབུ་འཛུགས་གནང་ཡོད།

དེ་ཡང་གྲོས་ཆོད་ནང་གསལ་ལྟར། ཚོགས་ཆུང་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུང་ཁང་གི་དེབ་སྐྱེལ་ཚོགས་མི་མིང་བསྒྱུར་དང་། འཛུགས་ཡུལ་ས་གནས། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་དང་། དེ་དག་ཡོང་སྟངས། འགན་ཁུར་ཞུ་ཡུལ་དང་ལས་དོན་བྱེད་ཕྱོགས། འཛིན་སྐྱོང་སྒྲོམ་གཞི། ལས་བྱེད་པ་འདེམས་སྒྲུག་བསྐོ་གཞག་དང་། དེ་དག་གི་ཕོགས་དང་ཐོབ་ཐང་། མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་བཅས་ཀྱི་འགྲོ་ལུགས་བཟོ་འགོད་འཆར་འབུལ་བྱས་པའི་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༥ པར་འབུལ་གནང་དགོས་པ་བཅས། །