གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་བྱེད་པོའི་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་མཇུག་བསྒྲིལ་བ།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་གྲོས་ཆོད་ཨང་ ༢༠༢༢།༡༧།༣།༢༦ དང་། ཡིག་ཆ་ཨང་ ༢༦ པའི་དགོངས་དོན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་བབ་བཟང་དུ་བཏང་ནས་གཞན་རྟེན་གྱི་བསམ་བློ་དོར་ཏེ་རང་ཁ་རང་གསོ་ཐུབ་སླད་དངུལ་ཁང་ལྟ་བུའི་ཁེ་ཡོད་དཔལ་འབྱོར་སྡེ་ཚན་ནམ་སྒྲིག་འཛུགས་ཤིག་དཔལ་འབྱོར་ལས་ཁུངས་ཀྱིས་འགན་བཞེས་ཆེད་འཛུགས་གནང་ཡོད་ཀྱང་། ད་ཆ་དེའི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་བྱེད་པོའི་ཞིབ་འཇུག་ཚོགས་ཆུང་ཞིག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བསྐོ་འཛུགས་གནང་བའི་མི་འགྲོར། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་རཱ་ཧུལ་ཇོ་ཤི་ (Rahul Joshi, Financial Expert) མཆོག་བཅས་བསྐོ་གཞག་གནང་ཡོད་པ་ལྟར། ཚོགས་ཆུང་དེས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢ ཉིན་ནས་འགོ་བཙུགས་ཏེ། ད་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་ཐོག་ཞིབ་འཇུག་གནང་ནས་དེ་རིང་ཚོགས་ཆུང་གི་ལས་དོན་ཡོངས་རྫོགས་གྲུབ་རྗེས།  ཉིན་གུང་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག ཚོགས་མི་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག ཚོགས་མི་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་ཀྱིས་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་མཇལ་འཕྲད་ཀྱིས་ད་བར་གྱི་ལས་དོན་ཇི་བྱས་སྐོར་སྙན་སེང་ཞུས་གནང་བ་དང་། དེ་བཞིན་ཚོགས་ཆུང་གི་སྙན་ཐོ་དང་། དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་རཱ་ཧུལ་ཇོ་ཤི་མཆོག་གིས་ཞིབ་འཇུག་གནང་བའི་སྙན་ཐོ། འབྲེལ་ཡོད་མི་སྣར་བཅའ་འདྲི་ཞུས་པའི་ཚིག་ཐོ་ཁག་བཅས་ཡིག་སྣོད་ཁྱོན་ ༡༩ ཚོགས་གཙོ་སྦྲེལ་པོར་ཕུལ་གནང་སོང་།

གོང་གསལ་སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་སྙན་སེང་གནང་རྒྱུ་ཡིན་པ་བཅས། །