ཁོར་ཡུག་མཁས་པ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་གྲགས་ཅན་སྐུ་ཞབས་མཱ་རི་མུ་ཐུ་ ཡོ་གྷ་ན་ཐན་ (Marimuthu Yoganathan) ལགས་དང་། ཁོར་ཡུག་ལས་འགུལ་བ་དང་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་མོ་ཧན་ཅན་དྷ་ར་ ཀན་ཌི་པལ་ (Mohan Chandra Kandpal) ལགས་རྣམ་གཉིས་ཀྱིས་གཙོས་པའི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཡོད་འདུག

གཞི་རྩའི་ཁོང་རྣམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་ ”གོ་ལ་དང་། འགྲོ་བ་མི། སྙིང་རྗེ། གོ་ལ་ཧྲིལ་པོའི་འགན་འཁྲི་མཉམ་སྤྱོད་ལ་བརྟེན་ནས་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་མདུན་སྐྱོད་བྱེད་པ། ཞེས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་གསུང་བཤད་གནང་མཁན་ཡིན་པ་དང་། བགྲོ་གླེང་ལྷན་ཚོགས་དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་གྱི་དགའ་སྟོན་དང་། མགོན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཁོར་ཡུག་སྲུང་སྐྱོབ་ལ་བཅངས་པའི་ཐུགས་རེ་མཚོན་པའི་ཆེད་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག

སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་ཁོང་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་ངོ་སྤྲོད་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་འདུག

དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཁོང་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་རྒྱའི་དཀའ་རྙོག་སྐོར་དང་། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་ངོ་སྤྲོད་གནང་འདུག

ཁོང་རྣམ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ལ་བསྔགས་བརྗོད་དང་འབྲེལ། རྒྱ་ནག་དམར་གཞུང་གིས་བོད་ནང་གཏེར་ཁ་ཚད་མེད་བསྔོག་འདོན་དང་། ཤིང་ནགས་གཏོད་འབྲེགས། ཆུ་བོ་ཁ་བསྒྱུར་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་བོད་ཀྱི་ཁོར་ཡུག་ལ་ཇི་ལྟར་གནོད་འཚེ་གཏོང་བཞིན་ཡོད་པའི་སྐོར་ལ་འགྲེལ་བརྗོད་གནང་འདུག་པ་བཅས།