ཁམས་བྲག་མགོར་སླར་ཡང་རྒྱ་གཞུང་གིས་འཇུ་བཟུང་དམ་དྲག་དང་ཁྲིམས་ཐག་གཅོད་བཞིན་པ།

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་ཁམས་བྲག་མགོའི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དུས་དེ་ནས་བཟུང་ད་ལྟའི་བར་དུ་བྲག་མགོ་རུ་རྒྱ་དམག་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང་། དེ་ཡང་བླ་སྤྲུལ་དང་སེར་སྐྱ་གང་མང་ཞིག་འཇུ་བཟུང་བྱས་ཟིན་པའི་ནང་ནས། སྒུག་སྟེང་གྲོང་ཕ་བསོད་དགྲ་འདུལ་དང་མ་སྐྱ་ལུ་གཉིས་ཀྱི་བུ་བསོད་ནམས་དར་རྒྱས་ལ་ལོ་༡༠ དང་། དགུ་ནང་གྲོང་ཕ་རྒྱས་པའི་བུ་པདྨ་འོད་གསལ་ལ་ལོ་༥ཡི་བཙོན་འཇུག་ཁྲིམས་ཐག་དང་། གཞན་མི་ལྔ་ལ་ལོ་༡༠ ནས་༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བྲག་མགོ་རྫོང་ནས་སླར་ཡང་མི་བཅུ་དྲུག་ལ་ཁྲིམས་ཐག་བཅད་ཡོད་པའི་ཁྲོད་ནས། མི་ཁག་ཅིག་ལ་ལོ་གྲངས་སོགས་ཀྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཤེས་བྱུང་བ་རྣམས་ནི། བྲག་མགོ་གེ་འཕེན་ལི་ཁོག་མ་ནས་ཡིན་པའི་རང་ལོ་༣༠ ཡིན་པའི་དབང་ཆེན་ཚེ་རིང་ལ་ལོ་༩ དང་།  རང་ལོ་ ༢༥ ཡིན་པའི་ཆོས་རྣམ་ལ་ལོ་༣ ། རང་ལོ་ ༣༠ ནང་ལ་ཡོད་པའི་བསོད་ནམས་ལྷུན་གྲུབ་ཚེ་བཙོན། རང་ལོ་ ༥༠ ནང་ལ་ཡོད་པའི་ཨ་འཛི་ཞོ་པོའི་ལ་ལོ་༣ དང་།  ཡང་གེ་འཕེན་ལི་ཁོག་མ་ནས་ཡིན་པ་ལོ་༣༠ ནང་ལ་ཡོད་པའི་ཇི་བེ་ལ་ལོ་༡༢ ། རང་ལོ་༢༠ ནང་ལ་ཡོད་པའི་ཀུན་ཐོ་ལ་ལོ་༡༣ །  རང་ལོ་༣༠ ནང་ལ་ཡོད་པའི་ཀུན་འགྲུབ་ལ་ལོ་༡༡ ། རང་ལོ་ ༣༠ ནང་ཡོད་པའི་སྙན་གྲགས་ལ་ལོ་༡ དང་ཟླ་བ་༨ ། རང་ལོ་༣༠ ནང་ལ་ཡོད་པའི་ཕུར་བ་ཚེ་རིང་ལ་ལོ་༢ །  རང་ལོ་ ༢༠ ནང་ཡོད་པའི་དབང་ཚེ་ལ་ལོ་༡ དང་ཟླ་བ་ ༩ ཡི་ཁྲིམས་ཐག་བཅད་ཡོད་འདུག་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།

དེ་མིན་ཉེ་དུས་སླར་ཡང་དེ་སྔོན་ནས་བྲག་མགོའི་ཞི་རྒོལ་བ་གཙོས་གྲས་ཀྱི་ཉེས་མིང་འོག་འཇུ་བཟུང་བྱེད་དགོས་ངེས་ཀྱི་བཀའ་བཏང་ཟིན་པའི་བྲག་མགོ་དགོན་པའི་གྲྭ་བཀྲ་ཤིས་དར་རྒྱས་ལགས། བྲག་མགོའི་ཉི་ཁོག་ལུང་པ་ནས་ཉེན་རྟོག་པས་གསང་སྒུག་བྱས་ཏེ་འཇུ་བཟུང་བྱས་ཡོད་འདུག་པ་དང་། དེ་དང་མཉམ་དུ་གྲྭ་རྣམ་རྒྱལ་དང་གཞན་མི་སྐྱ་གཅིག་བཅས་འཇུ་བཟུང་བྱས་ཡོད། བཀྲ་ཤིས་དར་རྒྱས་ད་ལྟ་དར་མདོའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་ཅིང་། གཞན་གཉིས་གང་དུ་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད།  ལྷག་པར་དུ་དེང་སང་བྲག་མགོ་དགོན་པའི་ནང་དུ་རང་ལོ་བཅུ་བཞི་མན་གྱི་གྲྭ་པ་སྡོད་མི་ཆོག་པའི་བཙན་བཀའ་བཏང་སྟེ་གྲྭ་གཞོན་༣༠ ལྷག་ཅིག་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་འདུག དུས་རྒྱུན་སློབ་ཕྲུག་༡༤༠ ལྷག་ཡོད་པའི་བྲག་མགོ་དགོན་པའི་སློབ་གྲྭ་དེ་སྔོན་སྒོ་བརྒྱབ་ཡོད་པ་དེ། ཕྱི་ཟླ་༤ ཚེས་༢༥ ཉིན་སླར་ཡང་འཚོགས་ཐུབ་ཙམ་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་དམ་དྲག་སོགས་ཀྱིས་རྐྱེན་པས་སློབ་ཕྲུག་༤༠ ཙམ་ལས་འདུས་ཐུབ་མེད་པ་སོགས་ཀྱིས་དཀའ་ཁག་འཕྲད་བཞིན་ཡོད་འདུག  ཉེ་སྔོན་བྲག་མགོའི་ཡུལ་དུ་མི་མང་སློབ་གསོ་ཟེར་བའི་ཤང་སོ་སོར་བཅར་འདྲི་སྣ་ཚོགས་བྱེད་པའི་ལས་འགུལ་སྤེལ་སྐབས། མདའ་མདོ་ཤང་དུ་མི་མང་ཚོས་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་རླངས་འཁོར་བཅག་སྟེ་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་སྟབས། ཕྱིས་སུ་རྒྱ་གཞུང་གིས་མང་ཚོགས་ཁྲོད་ནས་ལས་འགུལ་དེ་བྱེད་མཁན་ཡིན་པའི་ཉེས་མིང་འོག ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ཕ་བློ་ལྡན་ཤེས་རབ་དང་མ་ཁྲོ་མ་གཉིས་ཀྱི་བུ་བསོད་ནམས་རིན་ཆེན་འཇུ་བཟུང་བྱས་ཏེ་ད་ལྟ་གར་ཡོད་ཆ་མེད་གྱུར་འདུག

སྤྱིར་བྲག་མགོ་རུ་དུད་འགྲོའི་ཚེ་སྲོག་ལ་སྲུང་སྐྱོབས་བྱེད་ཅི་ནུས་ཀྱིས་དགེ་སྦྱོང་ལ་བརྩོན་པའི་ལུགས་སྲོལ་བཟང་པོ་སྔར་མུས་སུ་གནས་ཡོད་ཀྱང་། ད་ཆར་རྒྱ་གཞུང་གིས་དེའི་ཁ་གཏད་དུ་བྲག་མགོའི་ཡུལ་གྱི་གྲོང་མི་རྣམས་ལ་ཕག་པ་ཡག་པོ་གསོ་དགོས་པ་དང་། ཕྱིས་སུ་ཕག་བཤའ་སྐབས་ལྟ་སྐོར་ཡོངས་ངེས་ཡིན་པས། གལ་སྲིད་ལས་དོན་ཡག་པོ་བསྒྲུབས་མེད་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཙན་བཀའ་ཡང་བཏང་ཡོད་འདུག

                                

      བྲག་མགོའི་ཉེན་རྟོག་པས་གསང་སྒུག་གིས་འཛིན་བཟུང་བྱས་པའི་བཀྲིས་དར་རྒྱས།

ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་༣༠ ཉིན་བྲག་མགོའི་ཛ་དྲག་ཚོགས་ཆུང་གིས་གནས་ཚུལ་མཁོ་སྤྲོད་གནང་བྱུང།