ཁམས་ནང་ཆེན་དུ་ལྷག་དཀར་ལས་འགུལ་སྲུང་བརྩི།

རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཟིན་བྲིས་(མཐོང་མི་ཐུབ་པའི་བོད་)སུ་གནས་ཚུལ་བཀོད་པ་ལྟར་ན། ཟླ་ ༢ ཚེས་ ༨ ལྷག་དཀར་ཉིན། བོད་ནང་གི་བོད་མི་ཚོས་ཁ་པར་འཕྲིན་ཐུང་ཕན་ཚུན་གཏོང་རེས་བརྒྱུད། མི་རིགས་ཀྱི་དཔའ་རྒོད་ཚོར་རྗེས་དྲན་སླད་བོད་གོས་གྱོན་དགོས་པ་དང་། དགོན་པར་མཆོད་འབུལ་དུ་འགྲོ་དགོས་པའི་སྐུལ་འདེབས་བྱས་འདུག་པར་བརྟེན། རྒྱ་གཞུང་གིས་ས་གནས་སོ་སོར་ཚད་མཐོའི་དམ་དྲག་གིས། དམག་མི་དང་། དྲག་ཆས་ཉེན་རྟོག་པ་བོད་ས་གང་སར་འགྲེམས་འཇོག་དང་། ལམ་མདོ་ཁག་སོ་སོར་སོ་སྲུང་ས་ཚིགས་བཙུགས་ཏེ་ཞིབ་བཤེར་དམ་ནན་བྱེད་བཞིན་པ་དང་། བོད་སའི་ལས་ཁུངས་ཁག་ལ་ལམ་ཁ་འགན་ལེན་ཆ་བགོས་ཀྱིས། ལྷག་དཀར་སྐབས་ལམ་དུམ་གར་འཁེལ་ལ་སྲུང་བྱ་བྱེད་དུ་བཅུག་ཡོད། རྒྱུས་ལོན་བྱས་པ་ལྟར་ན། ལམ་དུམ་གང་ཞིག་ཏུ་དོན་དག་བྱུང་ཚེ། ལས་ཁུངས་གང་ཡིན་གྱི་དཔོན་རིགས་ལ་ཉེས་ཆད་གཅོད་རྒྱུ་ཡིན་འདུག

ཁམས་ནང་ཆེན་དུ་དྲག་ཆས་དམག་དཔུང་དང་ལས་བྱེད་པས་འགོག་སྲུང་དམ་ནན་བྱེད་བཞིན་ཡོད་ནའང་། ཚེས་ ༨ ཉིན་བོད་མི་བཞི་བརྒྱ་ལྔ་བརྒྱ་ཙམ་ཞིག་རྫོང་མཁར་ལྟེ་བའི་ལུས་རྩལ་ར་བར་འཛོམས་ཡོད་པ་དང་། དེ་དག་ཕལ་ཆེ་བ་མི་སྐྱ་ན་གཞོན་ཡིན་ཞིང་། དེར་འདུས་ཕོ་མོ་རྒན་གཞོན་དང་། ཚོང་པ་དང་འབྲོག་པ་སོགས་ཚང་མས་བོད་གོས་གྱོན་ཞིང་། རྩམ་པ་དང་སྤོས་ཐོགས་ཏེ་ལུས་རྩལ་ར་བའི་ནང་༸རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སོགས་ཀྱི་ཁ་བཏོན་འདོན་བཞིན་རྩམ་སྐྱ་འགམ་ནས་བསྡད་ཡོད་པ་རེད།

མེ་མདའ་ཐོགས་པའི་དམག་མི་དང་དྲག་ཆས་ཉེན་རྟོག་པས་ལུས་རྩལ་ར་བ་བསྐོར་རྩིས་བྱས་པར། བོད་མི་ཚོས་ཀི་ཧི་ཧི་ཞེས་ངར་སྒྲ་བསྒྲགས་སྟབས། ཁོ་ཚོ་ཕྱིར་བཤིག་བརྒྱབས་ཏེ་རྒྱང་ནས་བལྟས་བསྡད་པ་དང་། བོད་མི་ཚོས་མུ་མཐུད་ཞལ་འདོན་སྐྱོར་ནས་བསྡད།

དེ་མཚུངས་སུ་བོད་མི་བརྒྱ་ཕྲག་དུ་མས་བོད་ཆས་གྱོན་ཏེ་ནང་ཆེན་རྫོང་ཐོག་ཏུ་ཡོད་པའི་བཀའ་བརྒྱུད་དགོན་པར་འཛོམས་བསྟུན། རྩམ་སྐྱ་འགམ་བཞིན་འདུ་ཁང་ལ་སྐོར་བ་བསྐོར་བ་ཡོད་པ་དང་། བོད་མི་མང་པོ་ཞིག་གིས་རྩམ་པ་གནམ་ལ་གཏོར་བ་དང་སྤོས་སྦར་བ་སོགས་བྱས་འདུག་ལ། ཉུང་ཤས་ཤིག་གིས་ཁ་རས་དཀྲིས་པ་ཕུད། ཕལ་ཆེ་བས་འགེབས་སྦས་གང་ཡང་བྱས་མི་འདུག

བཀའ་བརྒྱུད་དགོན་དང་ཉེ་འཁྲིས་ཀྱི་དགོན་ཁག་ཏུ་སྤྱི་བདེ་དང་དྲག་ཆས་ཉེན་རྟོག་པས་འགོག་སྲུང་དམ་ནན་བྱས་ཏེ། དགེ་འདུན་པ་རྣམས་ལུས་རྩལ་ར་བ་དང་བཀའ་བརྒྱུད་དགོན་པར་བཏང་མི་འདུག་ལ། དཀྱུས་ཆས་སྤྲས་པའི་དམག་མི་མང་ཚོགས་ཁྲོད་འཛུལ་ནས་དཔར་རྒྱག་པ་སོགས་བྱས་འདུག

རྒྱུས་ལོན་བྱས་པ་ལྟར་ན། ནང་ཆེན་རྫོང་གི་ལྷག་དཀར་ལས་འགུལ་འདི་འཕྲལ་མར་ཡུལ་ཤུལ་ཁུལ་དང་ཞིང་ཆེན་ལ་སྙན་སེང་ཞུས་འདུག་པ་དང་། ཁུལ་དང་ཞིང་ཆེན་ནས་བཀའ་རྒྱ་བཏང་སྟེ། གཞི་རྒྱ་ཆེ་བའི་ངོ་རྒོལ་མི་འབྱུང་བ་བྱེད་དགོས་པ་དང་། དེ་མིན་ནང་ཆེན་གྱི་དཔོན་རིགས་ལ་བྱས་འཛོལ་འགན་དཀྲི་བྱ་རྒྱུའི་ཉེན་བརྡ་བཏང་འདུག

པེ་ཅིན་གྱི་ཆུ་ཚོད་ ༧།༣༠ ཙམ་ལ་ས་རུབ་པ་དང་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བས། ནང་ཆེན་གྱི་ལྷག་དཀར་ལས་འགུལ་མཇུག་བསྒྲིལ་ཡོད་པ་དང་། དམག་མི་དང་ཉེན་རྟོག་པས་མཐའ་བསྐོར་དུ་འགོག་སྲུང་ཚ་ནན་བྱས་ཏེ། གནས་སྟངས་ཧ་ཅང་ཛ་དྲག་ཡིན་ནའང་། འཁྲུག་ཟིང་གི་རིགས་གང་ཡང་བྱུང་མི་འདུག རྗེས་སུ་”སྟོན་མཇུག་གི་སྡེབ་རྩིས་”རྒྱག་མིན་ནི་བཤད་དཀའ་འོ་ཞེས་བཀོད་འདུག །