ཀངྒ་ར་བྷ་ལ་ཇི་སྨན་ཁང་གི་སྦྱིན་བདག་དང་ཧི་མ་ཅཱལ་ཨ་བྷི་ཨ་བྷི་གསར་ཁང་གི་འགན་འཛིན་མཆོག་གི་ཡུམ་འདས་གྲོངས་སུ་གྱུར་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་གནང་བ།

༄༅། ། ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་ནང་རྟེན་གཞི་བྱས་པའི་བྷ་ལ་ཇི་སྨན་ཁང་གི་སྦྱིན་བདག་དང་། ཧི་མ་ཅཱལ་ཨ་བྷི་ཨ་བྷི་ཞེས་པའི་གསར་ལས་ཁང་གི་འགན་འཛིན་སྐུ་ཞབས་ར་ཇེ་ཤི་ ཤར་མ་ (Dr. Rajesh Sharma) ལགས་ཀྱི་ཡུམ་ལྕམ་སྐུ་ཨུར་མིལ་ཤར་མ་ (Mrs. Urmil Sharma) ལགས་འདས་གྲོངས་སུ་གྱུར་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་གི་བུ་སོགས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

སྐུ་ཞབས་ར་ཇེ་ཤི་ཤར་མ་ལགས་སུ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ཁྱེད་ཀྱི་ཡུམ་ལྕམ་སྐུ་ཨུར་མིལ་ཤར་མ་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་། ངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་ཞུ་རྒྱུ་ཡིན།

ཁྱེད་ནང་མི་ལྷན་རྒྱས་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། དེ་བཞིན་གསར་ལས་ཁང་གི་དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་ཡོད།

ཁྱེད་ཀྱི་གསར་ཁང་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་རྒྱ་ཆེ་སྤེལ་བ་བརྒྱུད། མི་མང་སྤྱི་དང་། ལྷག་པར་ཧིན་དི་ཚགས་ཤོག་ཀློག་མཁན་རྣམས་ལ་བོད་དོན་སྐོར་གོ་རྟོགས་གང་ལེགས་སྤེལ་ཐུབ་ཡོད། ཁྱེད་ཀྱི་གསར་ཁང་ནས་གསར་ཤོག་དང་། བརྙན་འཕྲིན་གསར་འགྱུར་སོགས་བརྒྱུད་བོད་ཕྱི་ནང་གཉིས་ཀྱི་དངོས་ཡོད་གནས་ཚུལ་སྤེལ་ཏེ་མི་མང་པོར་བོད་དོན་སྐོར་ངོ་སྤྲོད་དང་། གོ་རྟོགས་རྒྱ་ཆེ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངས་སླར་ཡང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དཀའ་ཁག་ཅན་གྱི་དུས་ཚོད་འདིར་ཁྱེད་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །