ཀ་རྡོར་སྒང་གསུམ་དང་ར་ཝང་ལ་ས་གནས་བཅས་ཀྱི་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་སྣེ་འཁྲིད་འོག་རྒྱ་གར་བྱང་ཤར་ཀ་སྦུག་དང་། རྡོར་གླིང་། སྒང་ཐོག དེ་བཞིན་ར་ཝང་ལ་བཅས་ཀྱི་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་མཇལ་འཕྲད་གནང་ཡོད།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྣེ་ལེན་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། བཙན་བྱོལ་བོད་མིའི་སྔོན་རྩིས་བཀའ་འཁྲོལ་ཞུ་ཕྱོགས་སྐོར། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་གནད་དོན་སྐོར་འགྲེལ་བརྗོད་སྙིང་བསྡུས་ཤིག་གནང་རྗེས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཁོང་རྣམས་རྡ་སར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུའི་སླད་ཕེབས་པར་ཡི་རངས་བསྔགས་བརྗོད་གནང་བ་དང་། དེ་ནས་བོད་རང་དབང་མ་ཤོར་སྔོན་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྙིང་བསྡུས་དང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ནང་ཕེབས་པའི་རྗེས་༸གོང་ས་མཆོག་གི་ཡང་དག་པའི་དབུ་འཁྲིད་འོག་མང་གཙོའི་འཕེལ་རིམ་ཇི་ལྟར་བྱུང་མིན་སྐོར། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་ཁག་རེ་རེ་བཞིན་འགྲེལ་བརྗོད་སྙིང་བསྡུས་གནང་ཡོད།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ས་གནས་སོ་སོའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་ཐུབ་བཙུགས་ཐབས་གནང་དགོས་གལ་དང་། བོད་ཀྱི་གནད་དོན་ཕྱི་མིར་འགྲེལ་བརྗོད་གནང་སྟངས་སྐོར། ས་གནས་སོ་སོའི་ནང་ཡོད་པའི་དཔོན་རིགས་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་བཞུགས་སྒར་ལ་གདན་ཞུ་གནང་ཐུབ་ཚེ། ཁོང་རྣམ་པར་བོད་དོན་གོ་རྟོགས་རྒྱ་ཆེ་ཡོང་རྒྱུའི་ཕན་ཐོགས་ཡོད་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས། ཚོགས་བཅར་བ་རྣམ་པའི་དྲི་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། ། ­­­