༸གོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཀྱི་གྲོས་ཆོད།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར།

སྔོན་གླེང༌།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་སུ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དངོས་དོན་རྒྱུ་མཚན་ཞིབ་བཀོད་དང་སྦྲགས། ‘‘བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ ’’ ཞེས་སོགས་ཕེབས་པ་ཕྱི་ཚེས་ ༡༤ གྲོས་ཚོགས་ཀྱི་ཚོགས་འདུ་དབུ་འབྱེད་ཉིན་སྙན་སྒྲོན་ཞུས་ཤིང༌། ཕྱི་ཚེས་ ༡༥ ཉིན་ཐོག་མར་བཀའ་ཤག་གི་གསལ་བཤད་དང་བཅས་ཉིན་ཧྲིལ་པོར་བགྲོ་གླེང་ཞིབ་ལྷུག་ཞུས། ཕྱི་ཚེས་ ༡༦ ཉིན་རྒྱབ་སྤྱི་འཐུས་རྣམ་པ་ཟུར་དུ་ཚོགས་ཏེ་བགྲོ་གླེང་གནང་བ་དང༌། ཕྱི་ཚེས་ ༡༧ ཉིན་བཞུགས་མོལ་ཚོགས་འདུའི་སྐབས། གྲོས་ཚོགས་སུ་བགྲོ་གླེང་ཇི་བྱུང་གཞི་རྩར་བཞག་སྟེ་ཚོགས་གཙོ་སྦྲེལ་པོས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་རགས་ཟིན་གཉིས་འབུལ་འགྲེམས་གནང་བའི་ཐོག སྤྱི་འཐུས་རྣམ་པ་ཚོགས་ཆུང་གསུམ་དུ་ཆ་བགོས་ཀྱིས་བགྲོ་གླེང་གྲོས་བསྡུར་ཞིབ་ལྷུག་གནང་བ་དང༌། དེ་ནས་ཚོགས་ཆུང་གསུམ་པོ་སོ་སོའི་སྙན་ཐོ་ནང་གསལ་ལྟར་སྤྱི་མོས་སམ་མང་མོས་ཀྱི་བསམ་འཆར་ཕྱོགས་གཅིག་ཏུ་བསྡོམས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་སུ་འབུལ་རྒྱུའི་རགས་ཟིན་གཏན་འབེབས་གནང༌། ཕྱི་ཆེས་ ༡༨ ཉིན་འཁྱོངས་གྲོས་འཆར་ཐོག་གྲོས་བསྡུར་ཞུས་ཏེ། ‘‘མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མཛད་ཁུར་མུ་མཐུད་སྐྱོང་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་’’ གཙོ་བོར་གྱུར་པའི་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་པ་ཕྱི་ཚེས་ ༡༩ ཉིན་སྐུ་སྒེར་དྲུང་ཆེ་བརྒྱུད་ལྷ་སྙན་སྒྲོན་འབུལ་ཞུས་པའི་ཕྱིར་ཕེབས་སུ། ‘‘སྔོན་དུ་གསུང་འཕྲིན་དུ་ཞིབ་གསལ་འཁོད་པ་བཞིན་ྋགོང་ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག་’’ ཅེས་ཕེབས་པར་བརྟེན། ཚེས་ ༢༠ རེས་གཟའ་ཉི་མའི་སྔ་དྲོར་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། ལས་འཆར་ཚོགས་ཆུང་ཞིག་འཛུགས་རྒྱུར་གྲོས་མཐུན་བྱུང་བ་ལྟར། ཚེས་ ༢༡ ཉིན་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༡༥ པ་གཏན་ལ་ཕབ་པ་གཞིར་བཟུང་སྤྱི་འཐུས་ཚོགས་གཙོས་བཀའ་སྤྱི་གཉིས་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེད་བཙུགས་ལས་འཆར་ཚོགས་ཆུང་ཞིག་བཙུགས་པ་དང༌། ཚེས་ ༢༣ ཉིན་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང༌། ཟུར་འཛར་ཁག་གཉིས་བཅས་སྙན་སྒྲོན་གནང༌། ཚེས་ ༢༤ དང་ ༢༥ སོ་སོར་རྒྱབ་གཉེར་སྙན་ཐོར་བགྲོ་གླེང་མཐིལ་ཕྱིན་ཞུས་པ་བཞིན། མཐའ་དོན་གྲོས་ཆོད་ཅིག་འཇོག་དགོས་གལ་ཆེར་མཐོང༌།

གྲོས་ཆོད།

༡༽    སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་བཀའ་སློབ་ཀྱི་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ།
༢༽    བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དེས་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང༌། གྲོས་ཚོགས་སུ་བགྲོ་གླེང་བྱུང་བའི་སྤྱི་འཐུས་རྣམ་པའི་དགོངས་ཚུལ་གཞིར་བཞག་གིས། ཁྲིམས་དོན་མཁས་པར་གོ་བསྡུར་བགྲོ་གླེང་དང༌། གཞན་ཡང་ལས་རིམ་ཇི་འགབ་བབ་གཟིགས་ཀྱིས་ཟིན་བྲིས་འགོད་རྒྱུ་དང༌། ཚོགས་ཆུང་གི་སྙན་ཐོ་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༡ ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས།
༣༽    བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ནང་དོན་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ཟུར་འཛར་གཉིས་པའི་སྔོན་གླེང་དང༌། དོན་ཚན་དང་པོའི་ཚིག་དོན་ལ་བསྐྱར་བཅོས་གནང་འོས་གནང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་སུ་འགོད་ཆོག་པའི་གསོལ་འདེབས་ཞུ་ཕྱོགས་ཀྱི་སྐོར་ཕྱི་ལོ་ ༢༠༡༡ ཟླ་ ༥ པའི་བདུན་ཕྲག་གསུམ་པ་ནང་ཚུན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་རྒྱུ་དང༌། ཚོགས་ཆེན་གྱི་ཚོགས་དུས་དང་འཚོགས་ཡུལ། ཚོགས་མིའི་ཡོང་ཁུངས་བཅས་པ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་གནང་རྒྱུ།
༤༽    གོང་གསལ་ལས་དོན་ཁག་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༤ པའི་ཚོགས་འདུ་འཕར་མ་བསྡུ་བསྐོངས་ཀྱིས་སྙན་ཐོ་ལག་བསྟར་ཞུ་ཕྱོགས་བཀའ་བསྡུར་ཐག་གཅོད་གནང་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ།     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ ལ།།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་གྲོས་བསྡུར་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ ལ་གཏན་འབེབས་གནང༌།།