༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་སྐོར་ལ་གཞུང་འབྲེལ་གྲོས་ཆོད།

གཞུང་འབྲེལ་གྲོས་ཆོད།

སྔོན་གླེང།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་རིང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་པའི་དབུ་འཁྲིད་བླ་ཆེན་རྣམ་པ་དང་བླ་སྤྲུལ། སྐུ་ཚབ་བཅས་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་བཞུགས་སྒར་རྡ་ས་མེ་གྷན་སུརྱ་མགྲོན་ཁང་དུ་བསྐྱངས་གནང་མཛད་སྐབས། ལྷར་བཅས་སྲིད་ཞིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ཚོགས་མགོན་དུ་༸ཞབས་སོར་བཀྲིན་ཆེ་གནང་གིས་བཀའ་སློབ་ཟབ་བསྩལ་དང། དམིགས་བསལ་མགོན་པོ་གང་ཉིད་ཀྱི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་གལ་ཆེའི་ལམ་སྟོན་གསལ་འཁོད་དོན་གནད་བཅུ་གཅིག་ཅན་གྱི་བཀའ་ཡིག་རིན་པོ་ཆེ་སྤྱི་བསྩལ་མཛད་པར་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཚོགས་ཞུགས་པ་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི། བོད་གངས་ཅན་པ་ཁོ་ནའི་ཡིད་བཞིན་གྱི་ནོར་བུ་མིན་པར། ཞི་བདེ་དང་བདེན་པ་འཚོལ་བའི་འཛམ་གླིང་གི་མི་མང་སྤྱི་དང༌། བྱེ་བྲག་ཧི་མ་ལ་ཡའི་རི་རྒྱུད་དང༌། ཆེན་པོ་ཧོར། བོད་གངས་ཅན་གྱི་ལྗོངས་སོགས་ཀྱི་ནང་པ་ཡོངས་ཀྱི་སྤྱི་ནོར་ཡིན་པས། སྔོན་ཆད་མི་རབས་ནས་མི་རབས་བར་མགོན་པོ་གང་གིས་རྗེས་སུ་བཟུང་བ་དང༌། ད་ལྟའང་ཐུགས་བརྩེ་བ་ཆེན་པོས་མཉེས་བཞིན་རྗེས་སུ་འཛིན་བཞིན་པ་ལྟར། འབྱུང་འགྱུར་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུའི་ཕྲེང་བ་རིམ་པས་མི་རབས་ནས་མི་རབས་བར་མཉེས་བཞིན་རྗེས་འཛིན་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབ་གནང་བ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོས་བསྩལ་བའི་བཀའ་ཡིག་རིན་པོ་ཆེའི་ནང་དོན་རྣམས་ལ་སྤྱི་མོས་ཀྱིས་ངོས་ལེན་གནང་བའི་ཟུར་རྒྱན་གྲོས་ཆོད་བཞག་སྟེ་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༢ ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་འཁྲིད་བླ་ཆེན་རྣམ་པ་དང། ཆོས་རིག་ལས་ཁུངས་ཐུན་མོང་ནས་གསལ་བསྒྲགས་བྱས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ཡིག་ཆ་ཨང་ ༥ པ་ལ་ངོས་ལེན་མེད་པའི་བསྒྲགས་གཏམ་གྱི་ནང་དོན་བསྐྱར་ནན་དང་འབྲེལ་གཞིས་བྱེས་བོད་མི་ཡོངས་ལ་དེ་དོན་ཡིད་གཟབ་དགོས་པའི་ལམ་སྟོན་ནན་ཟབ་གནང་བ་བཅས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ངོས་ལེན་རྒྱབ་སྐྱོར་དང་འབྲེལ་གལ་ཆེའི་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་དུས་ཀྱི་དགོས་མཁོར་མཐོང།

གྲོས་ཆོད།

ད་ལན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གི་འབྱུང་འགྱུར་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་ལམ་སྟོན་བཀའ་གསལ་སྤྱི་སྨིན་བསྩལ་གནང་མཛད་པ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་སུ་མོས་མཐུན་དང་བཅས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་ཆབས་ཅིག མགོན་པོ་གང་ཉིད་ཀྱི་ཡང་སྲིད་སྐོར་གྱི་ཐག་གཅོད་དབང་ཚད་མགོན་པོ་གང་ཉིད་ལ་ཡོད་པ་ལས་ཆོས་མེད་དམར་པོའི་ལྟ་གྲུབ་འཛིན་མཁན་སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་སུ་ལ་ཡང་མེད་པ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྒྱ་ཨང་ལྔ་པ་ཟེར་བ་སོགས་ཀྱི་བཙན་བཀའ་དང། སྲོལ་ཡིག མཛུབ་སྟོན། བསྒྲགས་གཏམ་ཟེར་བའི་སྔ་ཕྱིའི་ཡིག་རིགས་ཁག་ལ་ངོས་ལེན་ནམ་ཡང་བྱ་ཐབས་མེད་པ་དང། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བའི་བྱ་སྤྱོད་དེ་རིགས་ལ་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ནས་ངོ་རྒོལ་དང། ད་རེས་གྲོས་ཚོགས་འདིའི་ཐོག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་བོད་མིས་མཚོན་པའི་སྐྱོང་ཡུལ་གདུལ་བྱ་རྣམས་བྱང་ཆུབ་སྙིང་པོའི་བར་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་ཚེ་རབས་ནས་ཚེ་རབས་སུ་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུའི་སྤྱི་མོས་གྲོས་ཆོད་དུ། བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ལ།།

གཞུང་འབྲེལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང་། །