༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མྱ་ངན་དང་ནང་མི་གཉེན་ཉེ་འབྲེལ་ཡོད་ཀུན་ལ་ཐུགས་གསོའི་འཚམས་འཕྲིན་ཞུས།

 

པཎ་ཆེན་རིན་པོ་ཆེའི་མ་ཡུམ་ཆེན་མོ།པཎ་ཆེན་རིན་པོ་ཆེའི་མ་ཡུམ་ཆེན་མོ།

ཕྱི་ལོ༢༠༡༢ ཟླ༦ ཚེས་༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ པ་ཡས་མས་སུ་ ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་ཟི་ལིང་དུ་དགུང་ལོ་༩༧ ཐོག་སྐུ་གཤེགས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་གོ་འཕྲལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་མྱ་ངན་བློ་ཕམ་དང་བཅས་ནང་མི་ཤུལ་ལུས་འབྲེལ་ཡོད་ཀུན་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་།  མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་གིས་མཚོན་ཚེ་ལས་འདས་པ་ཡོངས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མཐའ་དག་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་སྐུ་བཞི་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཏུ་ཐོབ་པའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་རྡ་ས་ཉེ་འཁོར་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ ། ཕྱི་ཟླ ༧ ཚེས་༣ ཉིན་མདོ་སྨད་དབུས་ས་གཉིས་ཀྱིས་གོ་སྒྲིག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་ཐོབ་ཀྱིས་འདས་མཆོད་སྨོན་ལམ་འཚོགས་པར་མཉམ་ཞུགས་གནང་རྒྱུ།


སྤྱིར་བཏང་པཎ་ཆེན་རིན་པོ་ཆེ་སྐུ་ན་དར་ཞིང་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་ཆེད། འཕྲིན་ལས་རྒྱས་བཞིན་པའི་སྐབས་སུ། གློ་བུར་དུ་གདན་ས་བཀྲ་ཤིས་ལྷུན་པོར་དགུང་གྲངས་༥༡  ཐོག་སྐུ་གཤེགས་རྗེས་བགྲང་བྱ་༢༣  ཙམ་གྱི་རིང་མ་ཡུམ་བསོད་ནམས་སྒྲོལ་མ་ལགས་ཀྱིས་མྱ་ངན་གྱི་ལོ་ཟླ་རེ་རེ་བསྐྱལ་བཞིན། “རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པའི”་མཚན་གནས་ཁུར་ཏེ། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་མཛད་འཕྲིན་གྱི་རྗེས་ཤུལ་བོད་རང་སྐྱོང་ལྗོངས་ཟེར་བ་དང་། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་ཏེ་བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ནམ་མངའ་སྡེ་ཁག་ལྔའི་ནང་དུ་གསར་འཛུགས་གནང་ཡོད་པའི་སློབ་གྲྭ་ཁག་དང་། དགོན་སྡེ།  དེ་བཞིན། ཁོང་གི་འཁྲུངས་ཡུལ (ཡ་རྫི་) རྫོང་ཞོན་ཧྭ་བོད་ཡིག་སློབ་འབྲིང་དང་བིས་མདོ་དགོན་ཆེན་བཅས་ཀྱི་འཛུགས་སྐྲུན་བཅས། ས་གནས་མང་ཚོགས་ཀྱི་བདེ་སྡུག་སོགས་ཕྱོགས་ཡོངས་ལ་ཐུགས་ཁུར་དང་པཎ་ཆེན་སྐུ་གོང་མའི་བཞེངས་ཕྱོགས་བརྟན་པོར་འཛིན་པའི་དགོངས་པ་ཟབ་བཞེས་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཕྱི་ལོ་༢༠༡༢ ཟླ༧ ཚེས ༢ ཉིན།