༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཉམ་ཞུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༣ ཉིན་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་འཕགས་ཡུལ་སྨིན་གླིང་འདུས་མང་ཡོངས་དང་། ཝེཏི་ནམ་སྨིན་གླིང་སངྒའི་བླ་སློབ། དེ་བཞིན་འབྲུག་ཡུལ་སྨིན་གླིང་པདྨ་འོད་གསལ་གླིང་དགོན་པ་བཅས་ཐུན་མོང་ནས་ཨོ་རྒྱན་མ་ཧཱ་གུ་རུའི་རྒྱལ་ཚབ་ཆོས་རྒྱལ་གཏེར་བདག་གླིང་པའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་ཆ་ལག་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་གའི་སྒོ་ནས། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་གི་སྐུ་གེགས་ཀྱི་མཚན་མ་མཐའ་དག་ཞི་ནས་སྐུ་ཚེ་ཡུན་དུ་བརྟན་ཆེད་གང་ཉིད་ཀྱི་བླ་གཟའ་དང་བསྟུན་བརྟན་བཞུགས་ཟབ་རྒྱས་བསྟར་འབུལ་ཞུས་གནང་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཉམ་ཞུགས་ཀྱིས་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་ཡོད།

༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༧༠ ཟླ་ ༡ ཚེས་ ༥ ཉིན་ཡུམ་ཨོ་རྒྱན་གཏེར་བདག་གླིང་པའི་གདུང་བརྒྱུད། བདེ་སྐྱོང་དབང་མོ་མཆོག་དང་། ཡབ་ཉི་མ་དགྲ་འདུལ་མཆོག་སྟེང་ཞལ་རྣམ་གཉིས་ཀྱི་རིགས་སྲས་སུ། ལྷོ་ཁ་གྲ་ཕྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ངོ་མཚར་བའི་ལྟས་བཟང་བཅས་སྐུ་བལྟམས། མཁས་བཙུན་བཟང་པོའི་འཕྲིན་ལས་རྨད་དུ་བྱུང་བ། མང་ཐོས་འདུལ་བ་འཛིན་པ་ཆེན་པོ། གང་གི་སྐུ་ཞང་སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་མཆོག་དང་། གྲུབ་པའི་དབང་ཕྱུག་ལྷ་ཐོག་རིན་པོ་ཆེ་རྣམ་གཉིས་ནས། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་སྨིན་གླིང་མཁན་ཆེན་མཁན་རབས་བརྒྱད་པ། ངག་དབང་མཁྱེན་བརྩེ་ནོར་བུའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། མཚན་ལ་འཇིགས་མེད་རྣམ་རྒྱལ་ཞེས་གསོལ། ཕྱི་ལོ་ ༡༩༨༣ ལོར་༧སྐྱབས་རྗེ་མཁོ་ཆེན་རིན་པོ་ཆེའི་དགོངས་བཞེད་བཞིན། རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་འབྱོར་གྱིས། ཡོངས་འཛིན་དྭགས་པོ་སྤྲུལ་སྐུ་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ཉི་མའི་སྐུ་མདུན་ནས། རིག་གནས་དང་། ཆོ་ག་ཆོས་སྤྱོད་སོགས་ལ་སྦྱང་བརྩོན་གནང་། སྔ་ཕྱི་ཅི་རིགས་པར། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས། རྩ་རྒྱུད་གསང་བ་སྙིང་པོའི་རྩ་བ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན། སྤྱོད་འཇུག་ཆེན་མོ། ལག་ལེན་སོ་བདུན་མ། གསང་བདེ་འཇིགས་གསུམ། ༧གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་སྐོར་ཡོངས་རྫོགས་གསན། རིས་མེད་བསྟན་འགྲོའི་དཔལ་མགོན་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རབ་གསལ་ཟླ་བའི་སྐུ་མདུན་ནས། རྩ་རྒྱུད་གསང་སྙིང་གི་འགྲེལ་པ་ཕལ་མོ་ཆེ་དང་། མི་ཕམ་བཀའ་འབུམ། ཡེ་ཤེས་བླ་མ། ཡོན་ཏན་མཛོད། སྙིང་ཐིག་ཡ་བཞིའི་དབང་ལུང་སོགས་གསན། སྔ་འགྱུར་བསྟན་པའི་མངའ་བདག་༧སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་སྐུ་མདུན་ནས། བཀའ་གཏེར་གཉིས་ཀའི་དབང་ལུང་། གནམ་ཆོས། རཏྣ་གླིང་ཆོས་སྐོར། འཇའ་ཚོན་པོད་དྲུག ཐུགས་རྗེ་ཆེན་པོའི་དམར་ཁྲིད་སོགས་གསན། སྔ་འགྱུར་བསྟན་པའི་སྲོག་ཤིང་། ༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེའི་སྐུ་མདུན་ནས། ཁྲིད་ཡིག་ཡེ་ཤེས་བླ་མ་དང་། སྨིན་གླིང་ཆོས་སྐོར་ཁག་ཅིག་གི་དབང་གསན། སྔ་འགྱུར་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེའི་སྐུ་མདུན་ནས། གདམས་ངག་མཛོད་དང་། སྔ་འགྱུར་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས། བཀའ་མའི་དབང་ལུང་དང་། གཏེར་མཛོད་ཀྱི་དབང་ཕལ་མོ་ཆེ་གསན། རིས་མེད་བསྟན་པའི་གསལ་བྱེད། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་མདུན་ནས། ངེས་ཤེས་སྒྲོན་མེའི་བཀའ་ཁྲིད་དང་། རིག་བྱེད་མའི་དབང་ལུང་སོགས་གསན། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་གི་ཞལ་སྔ་ནས། གསང་སྙིང་གི་འགྲེལ་པ་ཕལ་མོ་ཆེའི་བཀའ་ཁྲིད་དང་། དབུ་མ་འཇུག་པ། ཤེར་ཕྱིན་མངོན་རྟོགས་རྒྱན་བཅས་ཀྱི་ཆོས་ཁྲིད་གསན། སྨིན་གླིང་བསྟན་པའི་སྒྲོན་མེ། མཁོ་ཆེན་རིན་པོ་ཆེའི་སྐུ་མདུན་ནས། སྔོན་འགྲོ་རིན་ཆེན་ཐེམ་སྐས་ཀྱི་ཁྲིད་ལུང་གསན། བསྟན་པའི་གསལ་བྱེད། རྒོད་མགོ་སྤྲུལ་སྐུ་རིན་པོ་ཆེ་རིག་འཛིན་པདྨའི་སྐུ་མདུན་ནས། སྨིན་གླིང་ལོ་ཆེན་དྷརྨ་ཤྲིའི་གསུང་འབུམ་དང་། འདུས་པ་མདོའི་ལྗགས་ལུང་གསན། བསྟན་པའི་གསལ་བྱེད་སྨིན་གླིང་རྡོར་འཛིན་རིན་པོ་ཆེ་དགེ་སློང་བསྟན་འཛིན་ཉི་མའི་ཞལ་སྔ་ནས། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསུང་འབུམ་གྱི་ལྗགས་ལུང་བཅས་གསན། མཚུངས་མེད་༧སྐྱབས་རྗེ་མཁོ་ཆེན་རིན་པོ་ཆེའི་ཐུགས་རེ་ལྟར། ཕྱི་ལོ་ ༡༩༩༠ ཐམ་པ་ནས་བཟུང་ད་བར། སྨིན་གྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་བཤད་གླིང་དུ། གཞུང་ཆེན་ཁག་གི་དཔེ་ཁྲིད་དང་། འཛིན་སྐྱོང་གི་ཕྱག་ལས་གཅིག་ལྕོགས་གནང་མུས་དང་། བཤད་གྲྭའི་མདོ་སྔགས་རིག་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་དང་། དགེ་འདུན་པའི་བཞུགས་ཤག་གསར་བསྐྲུན། ལོ་མང་རིང་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་། ཚོགས་གཞོན། ལོ་ཤས་རིང་སྔ་འགྱུར་སྨོན་ལམ་ཆེན་མོའི་ཞལ་ལག་གི་སྦྱིན་བདག་གནང་། གཞན་ཡང་། རྒྱ་གར་བ་ཉམ་ཐག་མང་པོར་རོགས་སྐྱོར་ཤུགས་ཆེ་གནང་བར་བརྟེན། ཕྱི་ལོ་ ༢༠༡༠ དང་། ཕྱི་ལོ་ ༢༠༡༡ སོ་སོར། རྒྱ་གར་སྤྱི་མཐུན་ཚོགས་པ་སོགས་ཚོགས་པ་ཁག་གསུམ་ནས། གཟེངས་རྟགས་མི་འདྲ་བ་གསུམ་འབུལ་ལམ་ཞུས་གནང་ཡོད། ཆོས་ཕྱོགས་ཀྱི་ཐོག་སྐབས་དང་སྐབས་སུ་ཚེ་སྒྲུབ་ཀྱི་བཅད་རྒྱ་དང་། ཡི་དམ་ཁག་གི་ལྗགས་བསྙེན་ལ་བཞུགས་གནང་གི་ཡོད་ཅིང་། ཕྱི་ལོ་ ༢༠༠༧ ལོར། སྨིན་གླིང་ཆོས་བརྒྱུད་འཛིན་པ། ཨ་མདོ་རེབ་ཀོང་བླ་མ་རིན་པོ་ཆེའི་ཐུགས་བཞེད་བཞིན། འདུས་པ་བརྒྱ་ཕྲག་ལྷག་ལ། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསུང་འབུམ་གྱི་ལྗགས་ལུང་། རང་དགོན་དུ་སྒྲུབ་པ་བཀའ་བརྒྱད་དང་། སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་། གཞན་ཡང་། ཨ་རི་དང་། ཝིཏི་ནམ། ཐཡེ་ཝན། བལ་ཡུལ། འབྲུལ་ཡུལ་སོགས་སུ་གསུང་ཆོས་དང་། བཀའ་དབང་མང་དག་ཅིག་གནང་ནས། དད་ལྡན་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་གནང་མཛད་པ་དང་། སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་བཤད་གླིང་གི་བཤད་གྲྭའི་མཁན་སློབ་རྣམས་དང་། སློབ་གཉེར་བ་ཡོངས་ལ། ཐུགས་བརྩེ་བ་ཆེན་པོས་ལག་སྣེ་གཏོང་ཆེད་ཟླ་རེ་བཞིན་དངུལ་དམར་གསོལ་རས་གནང་བ་དང་། ལོ་བསྟར་ཆགས་ཀྱིས་བཤད་གྲྭའི་མཁན་པོ་དང་། སྤྲུལ་སྐུ། སློབ་དཔོན་རྣམས་དང་། དགེ་འདུན་པ་བགྲེས་པ་ཁག་རེས་མོས་ཀྱིས་ཝིཏི་ནམ་དུ་ཁྲིད་གནང་གིས། ཆོས་ཕྱོགས་ཀྱི་མཛད་སྒོ་ཟབ་རྒྱས་སྤེལ་གནང་མཛད་ཅིང་། མདོར་ན་སྔ་འགྱུར་བསྟན་པ་སྤྱི་དང་། ཁྱད་པར་སྨིན་གྲོལ་གླིང་དགོན་པ་དང་། བཤད་གྲྭ་བཅས་པའི་ཐུགས་འགན་མཛད་འཁུར་རྒྱ་ཆེ་བཞེས་དང་བཞེས་མུས་ངང་། ད་ལྟ་གསེར་ཞལ་འཚོ་ཞིང་གཞེས་ཤིང་། རྨད་བྱུང་བསྟན་འགྲོའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ།

༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་འབུལ་བཞེས་ཀྱི་མཛད་སྒོ་ལེགས་པར་གྲུབ་པའི་དགའ་སྟོན་རྟེན་འབྲེལ་སླད། དེ་ཉིན་ཕྱི་དྲོ་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་ཕེབས་གནང་ཡོད་ཅིང་། ཐེངས་འདིའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཐོག་བོད་གཞས་དང་། དེ་བཞིན་འབྲུག་དང་། ལ་དྭགས། ཝེཏི་ནམ་སོགས་ཀྱི་གཞས་སྣ་འཁྲབ་སྟོན་གནང་སོང་བ་བཅས། །