༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་བཅར་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༦ ཉིན་སྔ་དྲོ་སྡེ་ར་ལྡུན་མན་ཌུ་ཝ་ལ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དུ་༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཞུས་གནང་ཡོད།

སྐབས་དེའི་སྐུ་གདུང་ཞུགས་འབུལ་ཐོག ༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་དང་ཁྲི་འཛིན་ཞེ་གསུམ་པ། འཁོན་གདུང་རྣམ་པ། ༸སྐྱབས་རྗེ་ངོར་དང་བཅོ་བརྒྱད་ཁྲི་པ་མཁན་རིན་པོ་ཆེ་རྣམ་པ། ༸སྐྱབས་རྗེ་ངོར་ཞབས་དྲུང་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དབང་ཕྱུག་ལགས། ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་ཨཱཙརྱ་བསྟན་འཛིན་དབང་གྲགས་ལགས། གཞན་ཡང་རྒྱལ་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོ་དང་། དགེ་འདུན་པ་དང་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོ་ཆེད་བཅར་གནང་འདུག

སྐབས་དེར་བྱང་ཕྱོགས་སུ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། འཁོན་གདུང་ཨ་བྷི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག ཨ་བྷ་ཡ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ངོར་༸ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག་རྡོར་སེམས་སྦྱིན་སྲེག་དང་། ཤར་ཕྱོགས་སུ་༸དཔལ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་དང་། འཁོན་གདུང་ཨ་སང་གྷ་བཛྲ་རིན་པོ་ཆེ་མཆོག འཁོན་གདུང་ཨ་ཀ་ཤ་བཛྲ་རིན་པོ་ཆེ་མཆོག ༸རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་གཏེར་མཆོག་བཅས་དབུ་བཞུགས་ཐོག་ཀྱཻ་རྡོར་སྦྱིན་སྲེག ལྷོ་ཕྱོགས་སུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་དང་༸སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་ཉེར་དྲུག་པ་མཆོག ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་ཉེར་བདུན་པ་མཆོག་བཅས་དབུ་བཞུགས་ཐོག་རིགས་གསུམ་སྦྱིན་སྲེག དེ་བཞིན་ནུབ་ཕྱོགས་སུ་༸སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ངོར་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག་ཀུན་རིགས་སྦྱིན་སྲེག ནུབ་བྱང་མཚམས་སུ་ཆོས་དབང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་དབུས་པའི་དགོངས་རྫོགས་གདུང་མཆོད་སྐབས་ཀྱི་བདེ་མཆོག་ལུ་ནག་གཉིས་དང་བླ་མཆོད་ཚོགས་མགོན་དུ་དགེ་འདུན་འདུས་ཚོགས་བཅས་ཀྱིས་སྦྱིན་སྲེག་ཚོགས་ཁག་ལྔ་གནང་ཡོད་འདུག

དེ་ཡང་༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་ཡབ་ཤར་ཆེན་ཀླུ་ལྡིང་པ་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་སྤེན་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ཕྱི་ལོ་ ༡༩༣༡ ལོར་སྐུ་འཁྲུངས། དགུང་ལོ་བཅུ་པར་ཁམས་སྒ་སྟོད་དུ་ཁུ་བོ་རྡོ་རྗེ་འཆང་གི་མདུན་དུ་ཕེབས་ཏེ་གཙུག་ཕུད་ཕུལ། མཚན་འཇམ་དབྱངས་བསྟན་པའི་ཉི་མ་ཞེས་གསོལ། སྒྲུབ་ཐབས་བརྒྱ་རྩ་སོགས་ཟབ་ཆོས་དུ་མ་གསན། དགུང་ལོ་བཅུ་གཉིས་བར་དར་རྒྱས་དགོན་དུ་གསན་བསམ་གནང་། དགུང་ལོ་བཅུ་གསུམ་པར་སྐྱེ་རྒུ་དགོན་དུ་ཕན་བདེ་མཁན་པོ་ངག་དབང་མཁས་གྲུབ་རྒྱ་མཚོ་ལས་རྒྱུད་སྡེ་ཀུན་བཏུས་སོགས་ཀྱི་ཟབ་ཆོས་དུ་མ་གསན། དེ་ནས་གཙང་ངོར་དགོན་དུ་ཕེབས་ཏེ་ཁུ་བོ་རྡོ་རྗེ་འཆང་གི་མདུན་ནས་གསང་ངག་ལམ་འབྲས་སོགས་གཞུང་ལུགས་དུ་མ་གསན། ལོ་གསུམ་ལྷག་རིང་ཀྱཻ་རྡོར་སོགས་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་མཛད། དགུང་ལོ་བཅུ་དགུ་པར་ཁུ་བོ་རྡོ་རྗེ་འཆང་ནས་མཁན་པོ་དང་། ལས་སློབ་མཆོག་སྤྲུལ་ལུང་རྟོགས་རྒྱལ་མཚན་སོགས་ལས་བསྙེན་པར་རྫོགས། ལྕགས་ཡོས་ལོར་སྐྱེ་དགོན་དུ་ཁུ་བོའི་སྐུ་ཚབ་ཏུ་ཕེབས་ཏེ་བསྟན་འགྲོའི་དོན་མཛད། དགུང་ལོ་ཉེར་བཞི་པ་ཤིང་རྟ་ལོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་ཁྲིར་ཕེབས། ལོ་གསུམ་རིང་མཁན་པོ་ཁྲི་པའི་ཐུགས་འགན་བཞེས། ལམ་འབྲས་སོགས་གདམས་ངག་དུ་མ་སྩལ། མེ་བྱ་ལོར་ཁང་གསར་མཁན་རིན་པོ་ཆེར་མཁན་ཁྲི་རྩིས་འབུལ་ཞུས།

དགུང་ལོ་ཉེར་དགུ་པར་དུས་འགྱུར་བྱུང་བས་རྒྱ་གར་དུ་ཕེབས། སྔ་རྗེས་སུ་དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ལས་གསང་ངག་ལམ་འབྲས་སོགས་དུ་མ་གསན། གཞན་ཡང་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་མཆོག ཕན་བདེ་མཁན་ཆེན། བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ལེགས་བཤད་རྒྱ་མཚོ་མཆོག སྐྱེ་དགོན་མཁན་ཆེན་ངག་དགའ། དར་དགོན་མཁན་པོ་འཇམ་དཔལ་བློ་གྲོས། མཁན་ཆེན་ཨ་པད་རིན་པོ་ཆེ་སོགས་མདོར་ན་བླ་མ་བཅུ་ཕྲག་གཉིས་ལྷག་བསྟེན་ཏེ་དབང་ལུང་ཁྲིད་མན་ངག མདོ་སྔགས་གཞུང་ལུགས་རིག་གནས་ཀྱི་སྐོར་སོགས་གསན་བསམ་མཐར་ཕྱིན་པ་གནང་། ལྕགས་ལུག་ལོར་སྒང་ཏོག་ཏུ་ས་ངོར་ཆོས་ཚོགས་གསར་འཛུགས་མཛད། ལམ་འབྲས་སོགས་ཀྱི་གདམས་ངག་དུ་མ་སྩལ། ས་རྟ་ལོར་འཕགས་ཡུལ་སྡེ་ར་ལྡུན་མངའ་ཁོངས་མན་ཌུ་ཝ་ལར་ངོར་མ་དགོན་གསར་བཞེངས་ཀྱི་ཐུགས་འགན་གཙོ་བོ་བཞེས། བོད་དུ་ཐེངས་གཉིས་ཕེབས་ཏེ་ངོར་མ་དགོན་ཉམས་གསོ་གནང་། སྔ་ཕྱིར་ལམ་འབྲས་ཚོགས་བཤད་ཚར་བཅུ་གཉིས། སློབ་བཤད་ཚར་གསུམ་གྱིས་མཚོན་པའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། དགུང་ལོ་ཉེར་བཞི་པར་མཁན་ཁྲི་ཐོག་མར་གནང་བ་ནས་བཟུང་། དགུང་ལོ་བདུན་ཅུ་བར་ལོ་ཤས་མ་གཏོགས་མཁན་པོ་ཁྲི་པའི་ཐུགས་འགན་བཞེས། དེ་ནས་ཀླུ་ལྡིང་དང་ཐར་རྩེ་ཞབས་དྲུང་རྣམ་གཉིས་ལ་ངོར་ཨེ་ཝཾ་ཆོས་སྡེ་ཆེན་པོའི་མཁན་ཁྲིའི་གདན་ས་གཏད་དེ། སྒྲུབ་པ་ཉམས་ལེན་འབའ་ཞིག་མཛད་དེ་བསྟན་པ་སྤྱི་བྱེ་དང་ལྷག་པར་འདུལ་བའི་བསྟན་པའི་སྲོག་ཤིང་ལྟ་བུ་མཛད་ཡོད།

༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གང་ཉིད་དགུང་གྲངས་ ༩༢ རབ་གནས་ཆུ་ཕོ་སྟག་བོད་ཟླ་ ༡༡ ཚེས་ ༦ ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པའི་ཐོ་རེངས་སུ་རྒྱ་གར་འཕགས་པའི་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་ངོར་ཀླུ་ལྡིང་བླ་བྲང་གི་གཟིམ་ཤག་ཏུ་དགོངས་པ་གཞན་དོན་དུ་ཞི་བར་གཤེགས་ཡོད་པ་བཅས། །