
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༡༨ ཉིན་དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རོ་ཡལ་ པ་ལཱ་ཛ་ (The Royal Plaza) ཞེས་པའི་གསོལ་མགྲོན་ཁང་དུ་རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ ཨ་ཐ་ཝ་ལི་ (Shri Ramdas Athawale, Minister of State for Social Justice and Empowerment) མཆོག་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཊ་རུ་ཧ་རི་ མཱེ་ཏབ་ (Shri Bhartruhari Mahtab, MP Lok Sabha, BJP, Orissa) མཆོག་གིས་གཙོས་པའི་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་མཆོག་སོགས་ལྷན་འཛོམས་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐོག་ནས་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཅིག་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་རེད།

དེ་ཡང་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ནང་གཙོ་བོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ། མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེ་དང་། རིག་གཞུང་། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་བཅས་ཀྱི་ཐོག་སྐུ་ཚེ་ཧྲིལ་པོར་སྐུ་ངལ་བསྐྱོན་གནང་མཛད་པར་ཡིད་རངས་ཆེ་བསྟོད་དང་། བོད་ཀྱི་ཆོས་དང་། རིག་གཞུང་སླར་གསོའི་ཐོག་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པར་ངོས་འཛིན། བྱམས་པ་དང་། བཟོད་བསྲན། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་བཅས་གོང་སྤེལ་དང་། རྒྱ་གར་གནའ་བོའི་རིག་གཞུང་སླར་གསོའི་ཐོག་སྐུ་ངལ་བསྐྱོན་གནང་མཛད་པར་རྒྱ་གར་གཞུང་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ། བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམས་དང་ལྷན་རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འབྲེལ་མོལ་སླར་གསོ་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ། འགྲོ་བ་མིའི་རིགས་སྤྱིའི་བདེ་དོན་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་རྒྱུར་སྨོན་ལམ་ཞུ་རྒྱུ་སོགས་འཁོད་འདུག

གཞན་ཡང་སྐབས་དེར་ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri. Sujeet Kumar, MP Rajya Sabha) མཆོག་དང་། ཡུ་པི་མངའ་སྡེ་ནས་ཡིན་པ་ས་མ་ཇ་ཝ་ཏི་སྲིད་དོན་ཚོགས་པའི་ (Samajwadi Party) རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་རེན་དྷར་ སིངྒ་ (Shri Virendra Singh, MP Lok Sabha) མཆོག ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ན་ར་ཡན་ དྷ་ས་ ཨ་ཧིར་ཝར་ (Shri Narayan Das Ahirwar, MP Lok Sabha) མཆོག བྷི་ཧར་མངའ་སྡེ་ནས་ཡིན་པ་ (Rashtriya Janata Dal) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་དྷ་ཀར་ སིངྒ་ (Shri Sudhakar Singh, MP Lok Sabha) མཆོག

མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་གྷུམ་ཆ་ བྷི་མོལ་ ཨ་ཀོཡེ་ཇམ་ (Shri Angomcha Bimol Akoijam, MP Lok Sabha) མཆོག ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནུ་ཇ་ ཌི་(Shri Manoj Tigga, MP Lok Sabha) མཆོག ཧར་ཡ་ན་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རམ་ཅན་དྷར་ ཇངྒ་ར་ (Shri Ram Chander Jangra, MP Rajya Sabha) མཆོག་བཅས་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ཡོད་པ་རེད།

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུངས་དོན། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་བོད་མི་ཚོས་བཙན་བྱོལ་ནང་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་པར་སྲུང་སྐྱོབ་བྱས་ཐུབ་པར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འདི་ལོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་སྐོར་དང་། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གཅིག་བཞག་ཡོད་སྐོར་སོགས་གསུངས།

རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཊ་རུ་ཧ་རི་ མཱེ་ཏབ་ (Shri Bhartruhari Mahtab) མཆོག་གིས་གཙོ་བོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་གལ་གནད་དང་འབྲེལ། ༧གོང་ས་མཆོག་ནི་ཞི་བདེ་དང་། བྱམས་བརྩེའི་ལམ་སྟོན་མཛད་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་གཅིག་ཡིན་པ་དང་། མགོན་པོ་གང་ཉིད་ཀྱིས་བྱམས་པ་དང་། བརྩེ་བའི་ཐོག་བསྩལ་བའི་བཀའ་སློབ་ལམ་སྟོན་དག་ལ་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་ཡིད་སྨོན་ཆེན་པོ་གནང་གི་ཡོད་སྐོར། དུས་རྒྱུན་ཁོང་གིས་རྒྱ་གར་དང་བོད་གཉིས་ཀྱི་དབར་ས་མཚམས་ཡོད་པ་གསུང་གི་ཡོད་སྐོར་སོགས་གསུངས།

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་རེན་དྷར་ སིངྒ་ (Shri Virendra Singh) མཆོག་གིས་གཙོ་བོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་བ་མེད་པ་དང་། ཞི་བདེ། བྱམས་བརྩེ་བཅས་ཀྱི་ཐོག་བསྩལ་བའི་བཀའ་སློབ་ལམ་སྟོན་སྐོར་དང་། གྲོས་ཚོགས་འཐུས་མི་ཁོང་ཉིད་དེ་སྔ་ཉི་འོང་རྒྱལ་ས་ཊོཀ་ཡོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་མཉམ་ཞུགས་གནང་སྐབས་ཀྱི་མྱོང་ཚོར་སྐོར་སོགས་གསུངས་རྗེས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོད་སྐོར་གསུངས།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ན་ར་ཡན་ དྷ་ས་ ཨ་ཧིར་ཝར་ (Shri Narayan Das Ahirwar) མཆོག་གིས། ནང་པ་སངས་རྒྱས་པའི་བྱམས་བརྩེ་དང་། འཚེ་བ་མེད་པའི་བསླབ་བྱའི་སྐོར་དང་། རྒྱ་ནག་དམར་གཞུང་གི་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་འཛུལ་བྱས་ཡོད་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག བཙན་བྱོལ་ནང་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་ཐུབ་ཡོད་སྐོར་གསུངས།

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་གྷུམ་ཆ་ བྷི་མོལ་ ཨ་ཀོཡེ་ཇམ་ (Shri Angomcha Bimol Akoijam) མཆོག་གིས་གཙོ་བོ། ཁོང་ཉིད་བོད་མིའི་སྤྱི་ཚོགས་དང་ལྷན་ཡུན་རིང་ནས་འབྲེལ་བ་དམ་ཟབ་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། བྱམས་བརྩེའི་ཐོག་ལ་ལམ་སྟོན་མཛད་པ་རྣམས་ལ་ཡིད་རངས་ཆེན་པོ་ཞུ་མཁན་ཞིག་ཡིན་སྐོར་སོགས་གསུངས།

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་དྷ་ཀར་ སིངྒ་ (Shri Sudhakar Singh, MP Lok Sabha) མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་། འཚེ་བ་མེད་པ། བྱམས་བརྩེའི་སྐོར་ལ་ལམ་སྟོན་མཛད་པ་རྣམས་ཀྱི་སྐོར་ལ་གསུངས་པ་དང་འབྲེལ། བོད་ཀྱི་གནད་དོན་ནི་ས་མཚམས་ཀྱི་གནད་དོན་ཙམ་མ་ཡིན་པར། འགྲོ་བ་མིའི་ཐོབ་ཐང་དང་། རིག་གཞུང་སྲུང་སྐྱོབ། ཁོར་ཡུག། ཉེ་འཁོར་ས་གནས་བདེ་འཇགས་སོགས་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཡིན་སྐོར་སོགས་གསུངས་ཡོད་པ་བཅས།





