༈ བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོའི་ལམ་སྲོལ་དབུ་བརྙེས་ནས་མི་ལོ་ ༥༧ ཧྲིལ་པོ་འཁོར་བའི་དུས་དྲན་ཁྱད་པར་ཅན་སྲུང་བརྩི་ཞུ་བའི་ཉིན་མོ་འདི་ནི། འཕགས་མཆོག་ཕྱག་ན་པདྨོའི་རྣམ་རོལ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ན་ཕྲ་ཡང་བོད་ཁ་བ་ཅན་གྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་ཡུན་རིང་མ་སོང་བར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་། རྒྱ་གར་བཅས་སུ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་གར་རང་དབང་མང་གཙོའི་ཆབ་སྲིད་ལམ་ལུགས་ལ་ཐུགས་དགྱེས་ཚོར་ཆེན་པོས་བོད་ཀྱི་ཆབ་སྲིད་ཀྱང་མང་གཙོའི་འགྲོ་ལུགས་དང་མཐུན་པར་ལེགས་བཅོས་མཛད་འགོ་བརྩམས་གནང་མཛད་ཡོད་ནའང། བོད་ནང་རྒྱ་ནག་གུང་ཁྲན་དམག་དཔུང་གིས་བཙན་འཛུལ་བྱས་རྐྱེན་ཐུགས་ཀྱི་བཞེད་དགོངས་ལྟར་མཛད་ཐབས་མ་བྱུང་ཁར། ཕྱི་ལོ་ ༡༩༥༩ ལོར་མགོན་པོ་གང་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཐབས་མེད་གྱུར་པ་དང་། གང་གི་ཞབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་བཙན་བྱོལ་དུ་འབྱོར་ཡོད། མགོན་པོ་གང་ཉིད་རྒྱ་གར་དུ་༸ཞབས་སོར་འཁོད་མ་ཐག་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་གསར་བཙུགས་དང་ཆབས་ཅིག་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཆེད་འཛུགས་མཛད་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོའི་སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་བཟུང་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད།

ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་གནང་མཛད་པ་དང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་གྲངས་ཚད་སྤར་བ་དང་འབྲེལ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་གནང་མཛད་པ་ལྟར། ལོ་དེར་སྐབས་ ༡༡ པའི་སྤྱི་འཐུས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ་ནས་བཟུང་སྤྱི་འཐུས་ལྷན་ཚོགས་འདི་ཁྲིམས་བཟོ་ལྷན་ཚོགས་མིང་དོན་མཚུངས་པའི་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ ༢༧ ཙམ་གཏན་འབེབས་དང་དེ་དག་ལ་བསྐྱར་བཅོས་དགོས་རིགས་རྣམས་གནང་མུས་ཡིན། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱ་ལམ་དུ་བསྒྱུར་རྒྱུའི་མགོན་པོ་གང་གི་བཀའ་དགོངས་བཞིན། བོད་མི་མང་སྤྱི་འཐུས་སྐབས་ ༡༢ པའི་གྲོས་ཚོགས་ཚོགས་དུས་ ༡༡ པར་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་དང་འབྲེལ་བཀའ་ཁྲི་མི་མང་ནས་ཐད་ཀར་འོས་འདེམས་ཞུ་རྒྱུའི་ལམ་སྲོལ་གཏོད།

ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཡུན་དགག་དགོས་བདེ་དོན་དུ་མར་གཟིགས་ཏེ་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་སུ་རྫོགས་པ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་བསྩལ་གནང་གི་རླབས་ཆེན་དཀྱེལ་ཆེའི་དགོངས་པ་བཞིན་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་གྲོས་ཚོགས་འཕར་མ་བསྐོངས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ཉེར་ལྔ་པ་དང་། དེའི་རྗེས་འབྲེལ་ཁྲིམས་སྒྲིག་ཁག་ལ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༢ པར་བསྐྱར་བཅོས་གནང་བ་སོགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་ཁག་གཞི་རྩར་བཟུང་ནས། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ཚོས་འགན་འཁུར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་མཐའ་དག་མང་གཙོའི་འགྲོ་ལུགས་ཐོག་མདུན་བསྐྱོད་བྱེད་བཞིན་ཡོད།

དེ་ཡང་བོད་མིའི་མང་གཙོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་མཁས་ཐུགས་རྗེ་ཆེན་པོས་བོད་མི་མང་ལ་གསོལ་བསྩལ་གནང་བའི་མང་གཙོའི་འཕེལ་རིམ་དམིགས་བསལ་ཅན་ཞིག་ཡིན་པ་དང་། བོད་མི་སྤྱི་དང་། ཁྱད་པར་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་པ་དང་། ལྷག་པར་དུ་བོད་མི་སོ་སོར་འཁྲི་བའི་ལས་འགན་དང་སྤྱི་ཚོགས་ཀྱི་ཁེ་ཕན་གལ་ཆེར་བརྩིས་ཏེ། ཆིག་སྒྲིལ་ཐོག་བོད་མིའི་ནུས་ཤུགས་གོང་མཐོར་གཏོང་དགོས་རྒྱུ་ནི་གལ་ཆེར་དོན་ཆེན་ཆགས་ཡོད་པས་བོད་མི་ཚང་མས་ཁུར་མཉམ་བཞེས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་གཞུང་གིས་བཙན་གནོན་འོག་གཞིས་བཞུགས་བོད་མི་རྣམས་ལ་མང་གཙོའི་རང་དབང་ལྟ་ཅི་ཐ་ན་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་འགྲོ་འོང་དང་། སྨྲ་བརྗོད། ཆོས་དད། སྐད་ཡིག རིག་གཞུང་སྲུང་སྐྱོབ་སོགས་བྱ་རྒྱུའི་རང་དབང་ཡོངས་སུ་བྲལ་ཏེ། རྒྱ་ནག་སྐད་ཡིག་གཅིག་གྱུར་ཟེར་བའི་སྲིད་བྱུས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དང་། རིག་གཞུང་གི་རྨང་གཞི་བོད་ཀྱི་སྐད་ཡིག་རྩ་བརླག་ཏུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད་པར་བརྟེན། གཞིས་བཞུགས་བོད་མི་རྣམས་ཀྱིས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་བྱ་བ་རླབས་ཆེན་གནང་དང་གནང་མུས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཆེ་ཕྲ་ཡོངས་ཀྱིས་མིག་མདུན་གྱི་ཁེ་ཕན་ཁོ་ན་ཙམ་ལ་མ་གཟིགས་པར། མ་འོངས་བོད་མི་རིགས་དང་། རིག་གཞུང་གོ་ལ་འདིའི་ཐོག་གནས་དང་མི་གནས་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་པས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྔར་ལས་ཤུགས་ཆེར་དམ་དོན་གནང་དགོས་པ་གལ་ཆེ་ཞིག་ཆགས་ཡོད།

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་ད་བར་བོད་ནང་ཤེས་རྟོགས་ར་འཕྲོད་གསལ་པོར་བྱུང་བ་བོད་མི་གྲངས་ ༡༤༩ ཡིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་ཁྲོད་ཁག་ཅིག་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་། དམག་མི་བཅས་ནས་སྐབས་དེར་བཙན་ཁྲིད་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཁོངས་འདི་ལོར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་དང་། བློ་བཟང་སྐལ་བཟང་ལགས། བློ་བཟང་དཀོན་མཆོག་ལགས་བཅས་གློད་བཀྲོལ་བཏང་ཡོད་གནས་འདུག་ཀྱང་། བློ་བཟང་དཀོན་མཆོག་ལགས་ཀྱི་རྐང་པ་གཡས་པ་བཏུབ་ཡོད་གནས་ཙམ་ལས་ཁོང་རྣམས་བཙོན་འཇུག་བྱས་རིང་མནར་གཅོད་རྡུང་རྡེག་ཇི་མྱོང་དང་། བཙོན་གྲོལ་བཏང་རྗེས་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། རྒྱ་གཞུང་ནས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་གསོན་པོར་གནས་པ་ཡོངས་ཀྱི་སྐུ་གཟུགས་འཕྲོད་བསྟེན་ལ་འགན་ཁུར་དགོས་པ་དང་། རྒྱལ་སྤྱིའི་ནང་གཞུང་དང་། བོད་དོན་རྒྱབ་སྐྱོར་གནང་མཁན། རང་དབང་གི་རྟོག་ཞིབ་པ་རྣམས་ཀྱིས་ཁོང་རྣམས་ཐུག་འཕྲད་དམ་ཡང་ན་ཁོང་རྣམས་ཀྱི་འཕྲོད་བསྟེན་གནས་བབ་ལ་རྒྱུས་ལོན་དང་། དོ་ཁུར་གྱིས་ཕྱི་ཕྱོགས་སུ་སྨན་བཅོས་ཡོང་ཐབས་བྱ་དགོས་པ་གོ་སྐབས་འདི་བརྒྱུད་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་རོང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་ཟུར་པ་ཨ་ཀྲུག་བློ་སྤོ་ལགས་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་པའི་དུས་ཡུན་ཚང་རྗེས། འདི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༡ གི་མཚན་མོ་ཆུ་ཚོད་ ༡༡ ཙམ་ལ་གློད་གྲོལ་བཏང་འདུག་ཀྱང་ཁོང་གི་སྐུ་གཟུགས་ཀྱི་འཕྲོད་བསྟེན་གནས་སྟངས་ཇི་བཞིན་ཤེས་རྟོགས་ཐུབ་ཀྱི་མི་འདུག གཞན་ཡང་རྒྱ་གཞུང་གི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ཡ་ང་བའི་མནར་གཅོད་རྡུང་བརྡེག་དང་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབ་དང་ཡོངས་སུ་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་ Freedom House ཞེས་པས་ཕྱི་ལོ་ ༢༠༡༦ ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༨ ནང་ནས། རྒྱ་ནག་དེ་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་ ༢ པ་ཡིན་པ་གསལ་བཏོན་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་ཆེན་ཐེངས་ ༣༤ པའི་ཐོག་ཏུའང་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། ཉེ་བའི་ཆར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་རྒྱ་ནག་ནང་རང་དབང་དང་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོ་རྒྱ་ནག་གི་བཙོན་ཁང་ནང་ཡུན་རིང་མནར་གཅོད་འོག་སྙུན་གཞི་ཚབས་ཆེ་ཕོག་རྐྱེན་མཐར་འདས་གྲོངས་སུ་གྱུར་བ་བཅས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་གྲས་ཡིན་པ་གསལ་པོ་ཆགས་ཡོད།

རྒྱ་གཞུང་གིས་བོད་ནང་ཆོས་དད་རང་མོས་ཀྱི་སྲིད་བྱུས་ཟེར་བར་ཁ་གཡར་ཏེ་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བའི་ལས་ཁུངས་དགོན་སྡེ་ཁག་ཏུ་བཙུགས་ཏེ། ཆོས་བྱེད་གྲྭ་བཙུན་རྣམས་ཀྱི་བཤད་སྒྲུབ་ཀྱི་བྱ་བ་ཡོད་དོ་ཅོག་གི་ནང་ཁྲིམས་ལ་ཐེ་བྱུས་བྱས་ནས་གྲྭ་བཙུན་ཚད་བཀག་གི་ཐོག་ནས་ཆོས་གཞུག་བྱ་རྒྱུའི་རང་དབང་མེད་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་ཡུལ་སྐོར་སྤྲོ་འཆམ་པའི་ཆེེད་བཤམས་སྟོན་ཁང་ལྟ་བུར་བསྒྱུར་ནས། བོད་ཀྱི་དགོན་སྡེ་ཆེ་ཁག་རྣམས་རྒྱ་གཞུང་གི་དཔལ་འབྱོར་གསོག་སྒྲུབ་ཀྱི་ཚོང་རར་གྱུར་ཡོད། འདི་ལོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Rex Tillerson མཆོག་གིས་ལོ་རེའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ངོ་སྤྲོད་གནང་སྐབས། རྒྱལ་སྤྱིའི་ནང་རྒྱ་ནག་ནི་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་གྲས་སུ་བཅུག་པ་དང་། བོད་ནང་སོགས་ལ་ཆོས་དད་རང་དབང་མ་སྤྲད་པར་རྒྱལ་གཅེས་ཆོས་གཅེས་སོགས་ལས་འགུལ་འདྲ་མིན་སྤེལ་ཏེ་མནར་གཅོད་གཏོང་གི་ཡོད་ལུགས་སྐོར་ཐེར་འདོན་ཤུགས་ཆེ་གནང་འདུག

དེ་བཞིན་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་དང་ཀུན་སྤྱོད་ལས་ཡོངས་སུ་བརྒལ་བའི་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སོགས་ད་བར་བོད་ནང་རྒྱ་གཞུང་གི་ལས་འགུལ་ཟམ་མ་ཆད་པ་སྤེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་ཆགས་འཇིག་གི་གནས་སུ་གྱར་ཡོད་པ་དང་། དེང་སྐབས་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་”ཟེར་བའི་ལས་འགུལ་སྤེལ་ནས་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་དང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ཀྱིས་བསམ་བློ་དང་ཀུན་སྤྱོད་ཀྱི་རང་དབང་མེད་པར་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་ཟེར་བའི་དམར་ཤོག་ལྟ་གྲུབ་ཀྱིས་བོད་ནང་འགྲོ་བ་མིའི་བསམ་སྤྱོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་བཅས་ཡེ་ནས་མེད་པར་ཆེས་མུན་ནག་གི་གནས་སུ་ལྷུང་ཡོད།

བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གིས་མཚོན་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་ལས་བརྒལ་བ་བཏང་དང་གཏོང་མུས་ཐོག ཨ་མྱེས་རྨ་ཆེན་གྱི་དྷི་གནས་སུ་ཟངས་གཏེར་སྔོགས་བཞིན་པ་དང་། ཧོར་གཙང་གཉའ་གོང་བྲག་དཀར་མཁའ་འགྲོའི་ཕོ་བྲང་གི་འགག་སྒོ་གཏོར་བཤིག མཚོ་སྔོན་པོའི་ཉེ་འཁོར་ནས་རྡོ་སོལ་དབོར་འདྲེན་དང་ཧ་ཡང་བཟོ་གྲྭ་བཙུགས་པ་སོགས་ཀྱི་ཁོར་ཡུག་ཉམས་རྒུད་དང་། ཡུལ་མིར་དཀའ་ངལ་ཚད་ལས་བརྒལ་བ་འཕྲད་བཞིན་ཡོད། རྒྱ་གཞུང་གིས་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ནས་བོད་ནང་”དམངས་ཕྱུག་བོད་དར་”ཟེར་བའི་ལས་འགུལ་སྤེལ་ནས་རང་བྱུང་གཏེར་ཁའི་ཐོན་ཁུངས་གང་ཡོད་ཀྱི་ས་གནས་ཁག་ནང་། རྒྱ་རིགས་ཁེ་ལས་པ་ཁག་གིས་མ་དངུལ་ཕོན་ཆེ་བཏང་ནས་ས་གནས་བོད་རིགས་མི་མང་ལ་མི་རིགས་ས་གནས་ཡར་རྒྱས་གཏོང་རྒྱུའི་ཐོབ་ཐང་མེད་པར་བོད་སའི་རང་བྱུང་ཐོན་ཁུངས་གཏེར་ཁ་སྔོག་འདོན་དང་། ཨར་སྐྲུན། ལམ་བཟོ་སོགས་འཛུགས་སྐྲུན་གྱི་དབང་ཆ་ཡོངས་རྫོགས་རང་སྐྱོང་གི་ས་ཁོངས་ནས་བརྒལ་ཏེ་ཡོང་བའི་རྒྱ་མིའི་ཁེ་ལས་པ་ཚོས་ཧམ་འཕྲོག་བྱེད་བཞིན་ཡོད། འདི་ལོར་སོག་རྫོང་དུ་བརྒྱད་གཅིག་དམག་གི་དུས་ཆེན་སྲུང་བརྩི་བྱེད་དགོས་པ་དང་། དུས་སྟོན་མཛད་སྒོའི་ཐོག་གཅན་གཟན་པགས་རིགས་ངེས་པར་དུ་གྱོན་དགོས་པའི་བཙན་བཀའ་ཡང་བཏང་འདུག ལྷག་པར་དུ་སྔར་བྱུང་མ་མྱོང་བ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མོས་མཐུན་ཡོད་མེད་ལ་མི་ལྟོས་པར་རྒྱ་གཞུང་གིས་བོད་ཀྱི་ས་མཚམས་ཁག་ཅིག་ཏུ་ལྕགས་ལམ་བཟོ་བསྐྲུན་དང་། དྲག་པོའི་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱེད་བཞིན་པ་ནི། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་བཙན་འཛུལ་གྱི་བྱ་ངན་ད་དུང་མུ་མཐུད་སྤེལ་འཆར་གྱི་སྔོན་རྟགས་གསལ་པོ་ཆགས་ཡོད།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་ནག་པེ་ཅིང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་ངོ་ ༩༠ འཁོར་བའི་དུས་དྲན་ཟེར་བའི་ཐོག་སྲིད་འཛིན་ཞི་ཅིང་ཕིང་གིས་གཏམ་བཤད་ནང་བཅིངས་འགྲོལ་དམག་དེ་གནས་སྟངས་ཛ་དྲག་སྐབས་གཞུང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་སྐོར་བརྗོད་ནས། ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་མང་གཙོ་ཕྱོགས་གཏོགས་པ་ཚོའི་ངོ་རྒོལ་ལ་ཁྲག་དྲི་འཐུལ་བའི་དྲག་གནོན་བྱས་ཡོད་པ་སོགས་ཀྱི་སྐོར་ནན་བཤད་བྱས་པར་གཞིགས་ན་རྒྱ་གཞུང་གིས་དམར་ཤོག་གི་སྲིད་བྱུས་རྒྱུན་འཁྱོངས་དང་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་རྟགས་མཚན་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད།

ཨ་རིའི་གྲོས་ཚོགས་དང་། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་ཚོས་བོད་ནང་གི་བོད་མིར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ལ་སེམས་འཚབ་ཤུགས་ཆེ་ཡོད་སྐོར་དང་། རྒྱ་གཞུང་གིས་སླར་ཡང་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་སྐུལ་འདེབས་གནང་ཡོད། ཉེ་ལམ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པས་དབུས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་ཀྱིས་བོད་དོན་ཆེད་ཞུ་བསྐུལ་གནང་བར་བོད་ཀྱི་གནད་དོན་སྐོར་གྲོས་ཚོགས་དང་། ཆབ་སྲིད་ཚོགས་པ་ཁག་གི་རྒྱབ་སྐྱོར་ཡོད་པའི་ཞལ་བཞེས་ཀྱང་གནང་ཡོད། མདོར་ན་བོད་དོན་བདེན་པའི་འཐབ་རྩོད་འདིར་གཙོ་བོར་བོད་མི་རང་ངོས་ནས་སེམས་ཤུགས་སྔར་ལྷག་གིས་མདུན་བསྐྱོད་བྱ་དགོས་རྒྱུ་དང་། དེ་བཞིན་བོད་མི་རིགས་ཀྱི་ཁྱད་ཆོས་རྣམས་སྲུང་སྐྱོབ་དང་ཉམས་མེད་རྒྱུན་འཛིན་བྱ་དགོས་རྒྱུ་གལ་ཆེར་ཆགས་ཡོད།

འདི་ལོར་བོད་རྔ་པ་ཁུལ་གཟི་ཚ་སྡེ་དགུའི་ནང་ས་ཡོམ་དང་། རྒྱ་གར་མངའ་སྡེ་ཧི་མ་ཅཱལ་དང་། གུ་ཇུ་རཱ་ཏི་སོགས་མངའ་སྡེ་ཁག་ཅིག་དང་། དེ་བཞིན་བལ་ཡུལ་སོགས་ནང་ཆུ་ལོག་གིས་མི་ཤི་རྐྱེན་ཆག་ཆེན་པོར་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡིད་གདུང་ཆེན་པོ་བྱུང་བ་མ་ཟད་གོད་ཆག་དེ་རིགས་ནམ་ཡང་མི་འབྱུང་བར་སྨོན་ལམ་ཞུ་རྒྱུ་དང་། འབྲེལ་ཡོད་ནང་མི་བཅས་པར་དེ་རིང་གི་གོ་སྐབས་འདི་བརྒྱུད་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

བོད་མིའི་བདེན་པའི་འཐབ་རྩོད་སོགས་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་། གྲོས་ཚོགས། ཚོགས་པ། མི་སྒེར་བཅས་དང་། ལྷག་པར་དུ་རྒྱ་གར་དབུས་སའི་གཞུང་དང་། མི་མང་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢ ལ།།