༄༅། སྤྱི་འཐུས་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་སྒྲོལ་དཀར་སྐྱབས་མཆོག་རྣམ་གཉིས་ས་བགོས་ཀུ་ལུ་མ་ན་ལི་སོགས་སུ་གནས་འཁོད་བོད་མིར་གཞུང་འབྲེལ་གཟིགས་ཞིབ་ཏུ་ཕེབས་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་སྤྱི་འཐུས་རྣམ་པ་ས་གནས་ཆ་བགོས་ལྟར་སྤྱི་འཐུས་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་སྒྲོལ་དཀར་སྐྱབས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༤ཟླ་ ༣ ཚེས་ ༢༨ ནས་ཕྱི་ཟླ་ ༤ ཚེས་༨ བར་ཧི་མ་ཅལ་མངའ་སྡེའི་ས་གནས་བཀྲིས་ལྗོངས་ནས་ཀུ་ལུ་མ་ན་ལི་བར་ས་གནས་འགོ་འཛིན་ཁག་དྲུག་དང་འབྲེལ་མཐུད་པ་གཅིག་བཅས་ཡོད་སར་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་ཟིན་ཡོད་ཅིང་། སྐབས་དེར་སྦིར་དུ་མི་མང་དང་ལས་སྣེར་གཏོགས་པ་རྣམས་ནས་སྣེ་ལེན་འཚམས་འདྲི་གཟབ་རྒྱས་ཐོག་ཕེབས་འབྱོར་གནང་། སྦིར་དུ་མངའ་སྡེའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་འགྲེལ་བརྗོད་དང་རྒྱབ་སྐྱོར་གནང་ཐབས་ཡོང་བ་ཞུས་པ་དང་། སྦིར་བོད་ཚོགས་དང་། སྦིར་སྡེ་དགེ། ཅོན་ཏ་ར་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་དང་ལས་སྣེ་ཐུག་འཕྲད་དང་། མི་མང་སྐྱ་སེར་ཕོ་མོ་སློབ་ཕྲུག་བཅས་ལ་ལམ་སྟོན་བཀའ་སློབ་དང་བདེ་སྡུག་དཀའ་སེལ་གོ་བསྡུར་གནང་། ཕྱི་ཟླ་ ༤ ཚེས་ ༡ ཉིན་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་རྣམས་དང་བོད་མིའི་ལས་ཀྱི་སྣེ་མོ་བ་བཅས་ལྷན་ཚོགས་ཐོག་ཕན་ཚུན་ངོ་སྤྲོད་དང་མ་འོངས་ལས་འགུལ་སྤེལ་ཕྱོགས་ཐོག་བཀའ་བསྡུར་སྦྱངས་བཤད་གནང་། ཕྱི་ཟླ་ ༤ ཚེས་ ༢ ཉིན་མན་ཌི་ས་གནས་སུ་ཕེབས་ཏེ་ས་གནས་ནང་རྒྱ་གར་བོད་དོན་ཚོགས་པ་གསར་འཛུགས་སླད་ས་གནས་ཡུལ་མི་དང་གནད་ཡོད་མི་སྣའི་ལྷན་ཚོགས་འདུ་བསྐྱངས་པའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་། དེ་མཚུངས་ཕྱི་ཉིན་ཚེས་ ༣ ཉིན་སུན་ཌར་ན་སྒར་དུ་མི་མང་ཚོགས་འཛོམས་ཐོག་ཚོགས་འདུ་དང་། ས་གནས་ཡུལ་མི་དང་གནད་ཡོད་མི་སྣ་མཉམ་ལྷན་ཚོགས་བསྐྱངས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་དང་། སྤོན་ཌོ་བཀྲ་ཤིས་གླིང་ས་གནས་སུ་འབྱོར་ཏེ་ས་གནས་མི་མང་ལྷན་ཚོགས་འདུ་གནང་ རྗེས། ཕྱི་ཟླ་ ༤ ཚེས་ ༣ ཉིན་ས་གནས་འགོ་འཛིན་དང་། རང་བདེན་ཚོགས་གཙོ་ནས་སྣེ་ལེན་གཟབ་རྒྱས་རྗེས། དགེ་འོས་སློབ་མ་དང་སློབ་དཔོན་བཅས་མཉམ་ཚོགས་འདུ་གནང་སྟེ་དགེ་འོས་ཀྱི་ལས་འཆར་ཁག་རྟོག་ཞིབ་ཞུས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ར་ནི་པར་ཏི་པ་དང་མཇལ་འཕྲད་ཀྱིས་མི་མང་གི་དཀའ་ངལ་ཞུ་གཏུགས་དང་། གཞན་ཡང་ས་གནས་གནད་ཡོད་མི་སྣ་རྣམས་དང་འཚམས་འདྲི་མཇལ་འཕྲད་གནང་། སྔ་ཉིན་ལྟར་ཚེས་ ༤ ཉིན་ཀུ་ལུ་མི་མང་མཉམ་ཚོགས་འདུ་དང་། གཞན་ཡང་བཙུན་དགོན། ལག་ཤེས་དགེ་སློབ་བཅས་སོ་སོའི་མཉམ་ཚོགས་འདུ་གྲུབ་རྗེས། མ་ན་ལི་མི་མང་དང་། ཉིན་སློབ་དགེ་ལས་མཉམ་ལྷན་ཚོགས་དང་། དགོན་སྡེ་ཁག་ལ་གཟིགས་སྐོར་གནང་། ཕྱི་ཟླ་ ༤ ཚེས་ ༥ ཉིན་ས་གནས་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་སླད་ས་གནས་ཡུལ་མི་དང་གནད་ཡོད་མི་སྣའི་ལྷན་ཚོགས་འདུ་གནང་བའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་ཡོད་པ་མ་ཟད། ཁུལ་ཡོད་བོད་མིའི་ཚོང་པའི་ལྷན་ཚོགས་དང་ཚོགས་འདུ། ས་འཐུས་རྣམས་དང་ས་གནས་འགོ་འཛིན་ལ་ཚོགས་འདུའི་འགྲོ་ལུགས་ཐོག་སྦྱངས་བཤད། རྒྱ་གར་དཔོན་རིགས་མི་སྣ་མཇལ་འཕྲད་ཐོག་བོད་མི་རྣམས་ལ་དམིགས་བསལ་གཟིགས་སྐྱོང་དང་མཐུན་འགྱུར་གནང་ཐབས་ཡོང་བ་སོགས་ཞུས། དེ་ཉིན་ཀུ་ལུ་བོད་ཁྱིམ་དགེ་ལས་དང་ཕ་མའི་ཚོགས་ཆུང་ལྷན་ཚོགས་འདུ་བསྐྱངས་ཏེ་གཟིགས་ཞིབ་གནང་བ་སོགས་ལེགས་པར་གྲུབ་སྟེ་སྤྱི་འཐུས་རྒྱུན་ལས་སུ་ལས་བསྡོམས་འབུལ་ལམ་ཞུས་ཡོད་ཅིང་། ལས་བསྡོམས་ནང་གསལ་ས་གནས་སོ་སོའི་དཀའ་ངལ་ཞུ་གསལ་རྣམས་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་སེལ་ཐབས་སླད་འཛིན་སྐྱོང་བཀའ་ཤག་ཏུ་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

At Bir Dege meeting

 

At Bir Dege

 

At Chogling and Nangchen

 

At Sherablinig Monastery

 

At suja

 

IMG_3460

 

Meeting with MLA of HP State