༄༅། སྤྱི་འཐུས་སྐབས་ ༡༦ པའི་ཚོགས་དུས་ ༡ པོ་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་གྱི་གྲོས་ཚོགས་ལས་ཉིན་དང་པོའི་ལས་རིམ་སྙིང་བསྡུས།

IMG_0942 ད་རིང་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་སྤྱི་འཐུས་ཚོགས་གཙོ་གསར་པར་འོས་འདེམས་བྱུང་བ་སློབ་དཔོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་སྟེ་ཚོགས་འདུ་དབུ་འཛུགས་བསྐྱངས། ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དེ་ནས་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༩ པའི་ནང་གསེས་ ༡ པའི་དགོངས་དོན་ལྟར། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་ངོ་བཞུགས་མེད་པའི་སྐབས་ཚོགས་འདུའི་གཙོ་སྐྱོང་གནང་མཁན་ཚོགས་གཙོའི་ལས་ཚབ་ཀྱི་འོས་མི་བསྐོ་བཞག་དགོས་པའི་འོས་གཞིར་ ༡༽ སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་། ༢༽ ཟླ་བ་ཕུན་སྐྱིད་ལགས། ༣༽ སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་བཅས་ལ་ཐུགས་གཏན་འཁེལ་ཡོད། དེ་ནས་སྲིད་སྐྱོང་གི་ས་མིག་ཏུ་སླར་ཡང་འདེམས་ཐོན་སྲིད་སྐྱོང་་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་དགའ་བསུའི་འཚམས་འདྲི་གསུང་བཤད་གནང་། དེ་ནས་གཞུང་འབྲེལ་ཡིག་ཆ་སྒྲོག་བྱང་གནང་རྒྱུའི་ཁོངས་སུ། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཟེར་བ། ཨ་སྐྱིད་སེ་ར་དགོན་པའི་གླིང་སྐོར་དུ་རང་ལོ་ ༥༠ ཙམ་དུ་སོན་པའི་བུད་མེད་བསོད་ནམས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཐོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣ སྙན་སྒྲོན་གནང་། དེ་རྗེས་བོད་མི་མང་དབུས་གཙང་སྤྱི་འཐུས་ཟུར་པ་མགོན་པོ་རྡོ་རྗེ་མཆོག་ཟླ་ཤས་གོང་སྙུན་བཞེས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༦ ཉིན་སྒང་ཏོག་སྨན་ཁང་དུ་དགུང་གྲངས་ ༨༢ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༤ པ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་སྙན་སྒྲོན་གནང་། དེ་ནས་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཡུ་རོབ་འཐུས་ཚོགས་དང་ཨི་ཊ་ལིའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་མཱར་ཀོ་པ་ཎེལ་ (Marco Panella) མཆོག་དགུང་གྲངས་ ༨༦ ལ་ཕེབས་པ་འདི་ལོའི་ཟླ་ ༥ པའི་ཚེས་ ༡༩ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་འཁོད་པའི་ཡིག་ཆ་ཨང་ ༥ པ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་རྗེས། ཚང་མ་སྐུ་བཞེངས་ཀྱིས་དུས་ཡུན་སྐར་མ་ ༡ རིང་ངག་བཅད་མྱ་ངན་གུས་འདུད་ཞུས། བོད་ཆོས་ལྡན་གྱི་རྒྱལ་ཁབ་ཏུ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་དྲག་པོའི་བཙན་འཛུལ་དཔུང་འཇུག་གིས་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་དུ་གྱུར་ཏེ་ཕྱི་ལོ་ ༡༩༥༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཆིབས་བསྒྱུར་བསྐྱངས་པ་སོགས་བོད་རྒྱ་ཞི་མཐུན་ཡོང་སླད་གས་བརྩོན་ཅི་ཆེ་མཛད་ཡོད་ནའང་། མཐར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་དྲག་པོའི་དམག་དཔུང་བཏང་སྟེ་བོད་ས་བཙན་འཕྲོགས་དང་། བོད་མིར་བཙན་གནོན་བྱས་པ་ཙམ་དུ་མ་ཟད། ༸གོང་ས་མཆོག་གི་སྐུ་ཕྱྭ་ལ་ཡང་བསྡོ་བའི་སྦྱོར་བ་བརྩམས་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་གྱུར་བ་དང་། རྒྱ་གར་འཔགས་ཡུལ་དུ་བོད་མི་རྣམས་ཀྱི་འཚོ་གོས་སོགས་ལ་གཟིགས་སྐྱོང་དང་། བཙན་བྱོལ་བོད་གཞུང་ཆེད་འཛུགས་བསྐྱངས་པ་དང་ཆབས་གཅིག་བོད་དོན་བདེན་མཐའ་གསལ་ཡོང་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཞུ་སྐུལ་རིམ་པ་མཛད་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་ཕུགས་རྒྱང་རིང་པོར་དགོངས་པ་རྒྱ་ཆེ་བཞེས་ཀྱིས་བོད་མིའི་སྒྲིག་འཛུགས་འདི་བཞིན་ཡང་དག་པའི་མང་གཙོའི་ལས་ལུགས་སུ་འཁྲིད་་གནང་མཛད་དེ། ཕྱི་ལོ་ ༡༩༦༠ ཐམ་པ་ལོར་མང་ཚོགས་ཀྱི་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཏེ་ཁྲིམས་ཀྱི་དབང་སྒྱུར་བྱེད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དང་། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་འཁྲིད་མཛད་རྒྱུའི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་བསྩལ་ཏེ། IMG_0943ལོ་རྒྱུས་དང་ཁྲིམས་ལུགས་གང་ཐད་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཞིག་ཏུ་བསྒྱུར་གནང་མཛད་དེ་མུ་མཐུད་བོད་མིའི་རྩ་དོན་འཐབ་རྩོད་ཆེད་བཙན་བྱོལ་བོད་མི་རྣམས་རང་དབང་མང་གཙོའི་ལམ་དུ་མདུན་སྐྱོད་བྱེད་བཞིན་པ་ནི་ཁོང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ལྷག་པར་དུ་བོད་རྒྱ་ཞི་མོལ་འབྱུང་ཕྱིར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བཞེངས་ཕྱོགས་བརྟན་པོས་རྒྱ་ནག་མི་དམངས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར་བོད་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ལག་བསྟར་དགོས་པའི་འབྲེལ་མོལ་རིམ་པར་བསྐྱངས་ཀྱང་། རྒྱ་གཞུང་སྲིད་དབང་སྒེར་སྤྱོད་པས་གང་ཉིད་ལ་ཁ་བྲལ་བ་ཞེས་སྙོན་འཛུགས་མཚན་སྨད་ཞུས་དང་ཞུ་བཞིན་པ་ཙམ་དུ་མ་ཟད། གཞིས་ལུས་བོད་མི་རྣམས་ལ་ཆོས་དད་རང་དབང་དང་། སྨྲ་བརྗོད་ཀྱི་རང་དབང་། ཆབ་སྲིད་ཀྱི་ཐོབ་ཐང་། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་རང་དབང་ཡེ་ནས་མེད་པར། དེ་སྔ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་རྒྱལ་གཅེས་བོད་མི་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་ཞི་བའི་ལས་འགུལ་བར་མཚམས་མ་ཆད་པར་སྤེལ་མུས་ལ་རྒྱ་གཞུང་དབང་འཛིན་པས་བོད་མི་གྲངས་ལས་འདས་པ་མངོན་སུམ་འཛེམས་ཀྱིས་དམར་གསོད་དང་། བཙོན་འཇུག་སོགས་དྲག་གནོན་མནར་གཅོད་ཚད་ལས་འདས་པ་རྒྱུན་མི་ཆད་དུ་བྱས་དང་བྱེད་བཞིན་ཡོད། དམིགས་བསལ་གྱིས་ས་བྱི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ལོ་ནས་བཟུང་། ད་བར་བོད་ནང་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་ད་དབར་དངོས་སུ་ཤེས་རྟོགས་བྱུང་བ་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༤༤ བྱུང་ཡོད་པ་དང་། ཁོང་ཚོའི་རེ་བ་དང་མངོན་འདོད་ལས་ལྡོག་སྟེ་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་དམ་དྲག་ཤུགས་ཆེ་བྱས་དང་བྱེད་བཞིན་པར་བརྟེན། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་ཀྱང་འཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་སྣ་ཚོགས་མུ་མཐུད་མ་སྤེལ་ཐབས་མེད་དུ་གྱུར་ཡོད། རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་དབུས་བོད་མི་གྲངས་ལས་འདས་པར་མ་ཉེས་ཁ་གཡོགས་ཀྱིས་བཙོན་འཇུག་བྱས་ཏེ་གྲལ་རིམ་འཐབ་རྩོད་ཟེར་བ་སོགས་མིང་འདོགས་སྣ་ཚོགས་ཀྱིས་སྡུག་སྦྱོང་མནར་གཅོད་ཚོད་མེད་བཏང་ཡོད་པ་མ་ཟད། བོད་མི་འབུམ་ཕྲག་ ༡༢ ལྷག་དུས་མིན་རྐྱེན་འདས་སུ་བཏང་ཡོད་པས། དེ་དག་གི་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་ནང་གི་ནམ་ཡང་གསོ་ཐབས་མེད་པའི་རྨ་ཁ་ཞིག་ཡིན། དེ་བཞིན་བོད་ནང་གི་གཙང་པོ་བཀག་བསྐྱིལ་དང་། གཏེར་ཁ་བསྔོག་འདོན། ཤིང་ནགས་གཅོད་འབྲེག མཚོ་དང་མཚེའུ་སོགས་ལ་གློག་ཁང་གསར་རྒྱག སྤང་ལྗོངས་བསློགས་ཏེ་ལྕགས་ལམ་བཟོ་བ་སོགས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་འདས་པ་བཏང་དང་གཏོང་བཞིན་པའི་རྒྱ་གཞུང་གི་བྱ་སྤྱོད་ལའང་བོད་མི་རྣམས་ཀྱིས་བཟོད་བསྲན་བྱ་ཐབས་བྲལ་བ་ཞིག་ཡིན་པ་ཙམ་དུ་མ་ཟད། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་མུ་མཐུད་གཏོང་བ་འདིས་འཛམ་གླིང་སའི་གོ་ལའི་ཚ་དྲོད་འཕེལ་བ་སོགས་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ངན་པ་ཐོན་ངེས་པའི་བློ་འཚབ་སྐྱེ་གཞི་ཞིག་ཏུ་གྱུར་ཡོད། ཉེ་བའི་གནས་ཚུལ་རང་ལ་གཞིགས་ནའང་རྒྱ་གཞུང་གིས་ཁམས་མི་ཉག་ལྷ་སྒང་དུ་གཏེར་ཁ་སྔོག་འདོན་བྱས་ནས་ཁོར་ཡུག་དང་རྒྱུག་ཆུར་སྦག་བཙོག་བཟོས་རྐྱེན་ཉ་སོགས་སེམས་ཅན་མང་པོར་ཤི་སྐྱོན་ཡོང་གི་ཡོད་པ་མིག་མཐོང་ལག་ཟིན་ཡིན། རྒྱ་གཞུང་གིས་བོད་ནང་དྲག་པོའི་དམག་དཔུང་ཁྱོན་ཆེ་འགྲེམས་འཇོག་བྱས་ཏེ་འཇིགས་བསྐུལ་བྱེད་པ་དང་། ལས་དོན་ཚོགས་ཆུང་ཟེར་བའི་མི་སྣ་མངགས་ཏེ་གཞིས་ལུས་ཞིང་འབྲོག་གི་མི་མང་རྣམས་ཀྱི་རང་ཆས་སུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོགས་ཏེ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་སྤུ་ཙམ་ཡང་མེད་པར་གྱུར་པ་དང་། གཞིས་ལུས་བོད་མི་རྣམས་ཕྱི་ཕྱོགས་སུ་འབྲེལ་ལམ་བྱ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་ཙམ་དུ་མ་ཟད། བོད་ནས་ཕྱི་ཕྱོགས་སུ་གཉེན་འཕྲད་དང་འབྲེལ་བ་བྱ་རྒྱུ་སོགས་ལ་བཀའ་འགོག་ནན་པོ་བྱས་ཏེ་བོད་ནང་གི་ཛ་དྲག་གནས་ཚུལ་ཆ་ཚང་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད་པ་སོགས་ལ་བརྟེན་ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་གལ་ཆེར་མཐོང་བ་ལྟར་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཡིག་ཆ་ཨང་ ༦ པ་སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་སྙན་སྒྲོན་གནང་བ་དང་། དེར་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་རྒྱབ་སྐྱོར་གནང་། དེའི་ཐོག་སྤྱི་འཐུས་གྲངས་ ༨ ཀྱིས་བགྲོ་གླེང་དུ་ཆ་ཤས་བཞེས་གནང་། དེ་ནས་ཚོུད་ ༡༡ ཐོག་གསོལ་ཇའི་བར་གསེང་གྲུབ་རྗེས། IMG_1036སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡིག་ཆ་ཨང་ ༧ པའི་ནང་གསལ་ལྟར། བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་བཞིན། བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་བསྐོ་གཞག་སྩལ་རྒྱུའི་འོས་གཞིའི་མཚན་དང་ལོ་རྒྱུས་བཅས་གྲོས་ཚོགས་སུ་སྒྲོག་བྱང་གནང་བ་དང་། དེའི་ཐོག་བགྲོ་གླེང་དང་། འོས་བསྡུའི་ལམ་ནས་སྤྱི་འཐུས་རྣམ་པས་འོས་འཕེན་གནང་བའི་མཇུག་འབྲས་སུ་བཀའ་བློན་བདུན་འོས་ཐོན་བྱུང་བ་དང་། ཉིན་རྒྱབ་ཚོུད་ ༣་༣༠ ཐོག་ཁོང་རྣམ་པས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་འབུལ་གནང་ཡོད་པའི་གནས་ཚུལ་དུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ལ།