༄༅། །སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་རྣམ་གཉིས་ས་བགོས་ཀོ་ལི་གྷལ་ས་གནས་སོགས་སུ་ཕྱོགས་ཕེབས་གནང་བ།

1སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་རྣམ་གཉིས་ས་བགོས་བརྗེ་བསྒྱུར་བྱས་ཁོངས་ཀོ་ཌི་ཀ་ནལ་དང་། ཨུ་ཀྲི། ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་བཅས་སུ་ཕྱོགས་ཕེབས་འཚམས་གཟིགས་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་༢༠༡༥ ཟླ་༥ ཚེས་༡༦ དགོང་དྲོ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་རྡ་ས་ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཚེས་༡༧ ཉིན་གྱི་ཞོགས་པར་ལྡི་ལིར་འབྱོར་ཞིང་། དགོང་དྲོ་ལྡི་ལི་ནས་མེ་འཁོར་བརྒྱུད་ཚེས་༡༩ ཞོགས་པར་སྦེང་ལོར་མེ་འཁོར་འབབ་ཚིགས་སུ་འབྱོར་སྐབས། ལྷོ་སྤྱིའི་རླངས་འཁོར་ཕེབས་བསུར་འབྱོར་པ་ལྟར་ལྷོ་སྤྱི་ལས་ཁུངས་སུ་ལྷོ་སྤྱི་ཀརྨ་སེང་གེས་ཕེབས་བསུ་ཞུས་ཡོད་པ་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་ཕྱི་ཟླ་༥ ཚེས་༡༩ ཉིན་ཝཱར་ནས་མཁའ་ལམ་བརྒྱུད་སྦེང་ལོར་གནམ་ཐང་དུ་འབྱོར་སྐབས་ལྷོ་སྤྱི་ལས་ཁུངས་ཀྱི་རླངས་འཁོར་ཕེབས་བསུར་བཅར་བ་ལྟར། ལྷོ་སྤྱི་ལས་ཁུངས་སུ་འབྱོར་ཏེ་སྤྱི་འཐུས་རྣམ་གཉིས་ལྷན་འཛོམས་ཀྱིས་ཚེས་༢༠ དགོང་དྲོ་ཆུ་ཚོད་༩།༣༠ ཐོག་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཕྱི་ཚེས་༢༡ ཞོགས་པ་ཆུ་ཚོད་༩ པ་ཙམ་ལ་ཀོ་ཌི་ཀ་ནལ་དུ་ཕེབས་འབྱོར་སྐབས་ས་གནས་སུད་ཚོང་ཚོགས་པའི་འགན་འཛིན་ཚེ་རིང་དབང་འདུས་ལགས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། ཕྱི་ཟླ་༥ ཚེས་༢༡ ཉིན་སྔ་དྲོ་ཆུ་ཚོད་༡༠ པ་ནས་༡།༣༠ བར་ཀོ་ཌི་ཀ་ནལ་དུ་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་ཁང་དུ་སུད་ཚོང་པ་རྒན་པ་གཉིས་དང་། 2བུད་མེད་༩ དེ་མིན་གཞན་གཞོན་སྐྱེས་དར་མ་བཅས་མི་གྲངས་༣༠ ལྷག་ཙམ་ལ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་ནས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱིས་མཚོན་ཛ་དྲག་གི་གནས་སྟངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་ཁུར་ཁྱེར་གྱི་མཛད་འཕྲིན་གསུམ་གྱིས་གཙོས་མཛད་རྣམ། བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྤྱི་དང་ལྷག་པར་དུ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་གྲོས་ཆོད་༨ དང་། བཅའ་སྒྲིག་བསྐྱར་བཅོས་མི་འདྲ་བ་༡༨ དང་། སྔོན་རྩིས་བསྡོམས་འབོར་བཅས་དང་། ས་གནས་སུ་ཡུལ་མི་དང་མཐུན་ལམ། ཁྲོམ་སར་མེ་འགོག་ཉེན་སྲུང་གལ་ཆེའི་སྐོར་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་ནས་བཙན་བྱོལ་བོད་མིའི་ལས་འགན་དང་བོད་ཀྱི་མི་རིགས་རྒྱ་བསྐྱེད་གོང་འཕེལ། ཆོས་དང་རིག་གཞུང་སྐད་ཡིག་བདག་གཅེས། རང་རེའི་ཕྲུ་གུ་རྣམས་བོད་པའི་སློབ་གྲྭར་ངེས་པར་གཏང་དགོས་ཚུལ། དོལ་རྒྱལ་སྐོར། ཕྲུ་གུ་གསུམ་པ་ཡན་ཆད་ལ་ཤེས་རིག་གིས་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལས་གཞི། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ཁག་ལ་དོ་སྣང་། འཕྲོད་སྟེན་སྐོར། སྐབས་རྗེས་མའི་འཆར་ལ་ཉེ་བའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ལ་དོ་སྣང་དང་ཆ་ཤས་ངེས་པར་དུ་ལེན་རྒྱུ་གལ་ཆེའི་སྐོར་གཏམ་བཤད་དང་། དྲི་བ་དྲིས་ལན་དང་འབོད་སྐུལ་ཁག་ཅིག་ལ་གསན་ཞིབ་དང་གསལ་བཤད་ལན་འདེབས་བྱས། ཉིན་རྒྱབ་འབྲེལ་ཡོད་ས་གནས་རྒྱུན་ལས་ནས་ཀོ་ཌི་ཀ་ནལ་གྱི་རི་ཆུ་ནགས་གསུམ་དང་ས་གནས་ཁྲོམ་ས་གལ་ཆེའི་རིགས་དང་། བོད་མིའི་ཁྲོམ་སའི་གནས་སྟངས་ལ་གཟིགས་ཞིབ་ཐོག་གཟིགས་ཚུལ་དང་འབྲེལ་བའི་གནས་ཚུལ་ཁ་ཤས་ཐོག་ལམ་སྟོན་ཞུས། ཀོ་དྲི་ཀ་ནལ་བོད་མིའི་ཁྲོམ་ས།དགོང་དྲོ་ཆུ་ཚོད་༩ པར་རླངས་འཁོར་ནང་ཨུ་ཀྲིའི་ཕྱོགས་སུ་ཐོན། ཚེས་༢༢ ཞོགས་པ་ཆུ་ཚོད་༤།༣༠ ཙམ་ལ་ས་གནས་སུ་འབྱོར་སྐབས་སུད་ཚོང་ཚོགས་པའི་ཚོགས་གཙོའམ་བརྒྱ་དཔོན་བཀྲ་ཤིས་དབང་འདུས་ལགས་ནས་ཕེབས་བསུའི་སྣེ་ལེན་དང་། དེ་ཉིན་ཨུ་ཀྲི་སྐྱེད་ཚལ་ས་གནས་ཚོགས་པའི་རྒྱུན་ལས་བསྟན་འཛིན་ཚེ་ཆེན་ལགས་ནས་སྣེ་ཤན་དང་ཕེབས་རོགས་བྱས་ཏེ་ཨུ་ཀྲི་སྐྱེད་ཚལ་གྱི་རིའི་སྒང་དང་། ཆུ་བོའི་འགྲམ། མེ་ཏོག་གི་གླིང་ག་དང་། བདེ་མཆོག་གི་གནས་དང་བོད་མི་སུད་ཚོང་བའི་ཁྲོམ་ས་བཅས་སུ་གཟིགས་སྐོར་དང་། ཚེས་༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག་ས་གནས་སུད་ཚོང་ཚོགས་ཁང་ནང་མི་གྲངས་༦༤ ཙམ་དང་། ཀོ་ལི་གྷལ་ས་གནས་འགོ་འཛིན་བཅས་མཉམ་ཞུགས་ཀྱི་ཚོགས་འདུའི་སྐབས་ཐོག་མར། སུད་ཚོང་ཚོགས་པའི་རྒྱུན་ལས་བསྟན་འཛིན་ཚེ་ཆེན་ལགས་ནས་མཛད་རིམ་ངོ་སྤྲོད་དང་འབྲེལ་དང་པོ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། དེ་ནས་གཞིས་བྱེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་གནང་རྗེས་ཚོགས་པའི་འགན་འཛིན་ཟུར་བ་རྣམ་རྒྱལ་དབང་ཕྱུག་ལགས་ནས་ཚོགས་པའི་ལས་བསྡོམས་ངོ་སྤྲོད་ཡིག་ཐོག་ནས་སྙན་སྒྲོན་ཞུས། བསྟན་འཛིན་ཚེ་ཆེན་ལགས་ནས་སྤྱི་འཐུས་རྣམ་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་རེ་ངོ་སྤྲོད་གྲུབ་རྗེས་རིམ་བཞིན་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་རྣམ་གཉིས་ནས་གོང་གསལ་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གྲུབ་རྗེས་ཚོགས་པའི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་མཇུག་ཏུ་སྐུ་པར་མཉམ་སྒྲོན་ཞུས། ཕྱི་ཚེས་༢༣ ཉིན་རྒྱབ་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལྷག་པ་རྡོ་རྗེ་ལགས་རླངས་འཁོར་ཁྲིད་དེ་ཕེབས་བསུར་འབྱོར་བ་ལྟར། ཀོ་ལི་གྷལ་ས་གནས་ལས་ཁུངས་སུ་འབྱོར་སྐབས་ས་འཐུས་ཚོགས་གཙོ་གཞོན་གྱིས་དབུས་པའི་ས་འཐུས་རྣམ་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། ས་གནས་འཕྲོད་སྟེན་སྨན་ཁང་དང་། ས་གནས་སྨན་རྩིས་ཁང་གི་འགན་འཛིན། དགོན་སྡེ་ཁག་གི་སྐུ་ཚབ། གྲོང་༢༢ ཀྱི་བརྒྱ་དཔོན། ས་གནས་གཞོན་ནུ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་༥༠ ཙམ་གྱིས་ཕྱག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་དང་། གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། མཉམ་འབྲེལ་ཚོགས་གཙོ། ས་གནས་འགོ་འཛིན་བཅས་མཉམ་དུ་ཉིན་བཞིའི་རིང་གི་ས་གནས་ཀྱི་ལས་རིམ་ལ་སྣོན་འཕྲིའི་བསྐྱར་བཅོས་ཐོག་གཏན་འབེབས་ཞུས་ཏེ་ཁོངས་སོ་སོར་འབྲེལ་བ་གནང་། ཕྱི་ཚེས་༢༤ ཉིན་སྔ་དྲོ་ཆུ་ཚོད་༩།༣༠ ནས་ཉིན་གུང་ཆུ་ཚོད་༡། བར་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་ས་འཐུས་མི་གྲངས་༡༨ ཙམ་ལ་ས་འཐུས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བཅའ་སྒྲིག་ཁག་གི་ཐོག་གཏམ་བཤད་མདོར་བསྡུས་རེ་དང་བཅས་གོ་བསྡུར་སྦྱངས་བཤད་དང་དོགས་འདྲི་དང་། དོགས་གཅོད། གསལ་བཤད་ལན་འདེབས་གནང་། ཉིན་རྒྱབ་ཆུ་ཚོད་༢། ༣༠ ནས་༦།༣༠ བར་གཞིས་མཉམ་གཉིས་ཀྱི་ལས་བྱེད། དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྨན་ཁང་གཉིས་ཀྱི་ལས་བྱེད། གྲོང་སྡེ་༢༢ ཀྱི་བརྒྱ་དཔོན། ཕ་མ་འཐུས་ཚོགས་ཀྱི་ཚོགས་མི་བཅས་ས་གནས་གནད་ཡོད་མི་སྣ་༧༠ ལྷག་ཙམ་མཉམ་བཞུགས་མོལ་ཚོགས་འདུའི་སྐབས་སྤྱི་འཐུས་གཉིས་ནས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གཏམ་བཤད་དང་འབྲེལ་དོགས་འདྲི་ཁག་ལ་གསལ་བཤད་དང་། དོགས་གཅོད། ལན་འདེབས་གནང་།3 ཕྱི་ཚེས་༢༥ ཉིན་ཞོགས་པ་ཆུ་ཚོད་༨། ༣༠ ཐོག་ཀོ་ལི་གྷལ་ས་གནས་འགོ་འཛིན་དང་མཉམ་འབྲེལ་ཚོགས་གཙོས་ཕེབས་རོགས་འོག་རིམ་བཞིན་རྒྱལ་བའི་ཕོ་བྲང་དང་། མགོན་ཁང་གཉིས། རྫོགས་ཆེན་དགོན་པ་དང་དར་རྒྱས་དགོན་པ། ཟེ་ཕུ་དགོན་པ་དང་སྟག་ཤམ་དགོན་པ། རྟ་རྣ་དགོན་པ་དང་བག་ཡོད་དགོན་པ། གསང་སྔགས་དར་རྒྱས་གླིང་དང་། བཀའ་བརྒྱུད་དགོན་པ་བཅས་དགོན་པ་ཁག་ལ་མཆོད་མཇལ་དང་། ཕྱག་མཛོད་རྣམ་པས་སྣེ་ལེན་གསོལ་ཇའི་སྐབས་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་བསླབ་པ་སློབ་གཉེར་གནང་རྒྱུ་དང་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་ཐོན་རྒྱུ་གལ་ཆེའི་སྐོར་དང་། ས་གནས་མང་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་དགོས་སྐོར་ཉུང་བསྡུས་རེ་དང་ཁོངས་སོ་སོས་བདེ་སྡུག་ཇི་ཞུས་ལ་གསན་ཞིབ་དང་གསལ་བཤད་ལན་འདེབས་བྱས། ཉིན་རྒྱབ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་བཅས་ཆུ་ཚོད་༢། པ་ནས་རིམ་བཞིན་གཞིས་མཉམ་གཉིས་ཀྱི་ལས་ཁུངས་དང་། ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། ས་གནས་ཡན་ལག་སྨན་རྩིས་ཁང་དང་། ས་གནས་འཕྲོད་སྟེན་སྨན་ཁང་། མཉམ་འབྲེལ་ཚོང་ཁང་དང་། མཉམ་འབྲེལ་འཕྲུལ་རྨོས་སྡེ་ཚན། རྒས་གསོ་ཁང་བཅས་ཆེད་ཕེབས་ཀྱིས་མི་རེ་ངོ་རེ་བཞིན་མཇལ་འཕྲད་ཀྱིས་འཚམས་འདྲི་དང་བདེ་སྡུག་ཇི་ཞུས་ལ་ཉན་ཞིབ་དང་གསལ་བཤད་ལན་འདེབས་གནང་། ཕྱི་ཚེས་༢༦ ཉིན་སྔ་དྲོ་ཆུ་ཚོད་༩། ༣༠ ཐོག་ས་འཐུས་ཚོགས་གཞོན་དང་ས་གནས་འགོ་འཛིན། མཉམ་འབྲེལ་ཚོགས་གཙོ་བཅས་ཀྱི་ཕེབས་རོགས་འོག་ས་གནས་ཉིན་མོའི་སློབ་གྲྭའི་སློབ་སྤྱི་དང་། དགེ་རྒན། ཕ་མ་ཚོགས་ཆུང་གི་ཚོགས་མི། སློབ་ཕྲུག་༡༢༥ བཅས་ལ་སྤྱི་འཐུས་རྣམ་གཉིས་ནས་སྐབས་བསྟུན་གཏམ་བཤད་དང་། སློབ་གྲྭའི་གནས་སྟངས་ལ་གཟིགས་ཞིབ་གྲུབ་རྗེས་ས་གནས་གྲོང་སྡེ་ཁག་ཅིག་གི་ཧ་ཅང་རྒས་གཅོང་ཉམ་ཐག་ཁ་ཤས་སར་བཅར་ཏེ་འཚམས་འདྲི་དང་འབྲེལ་རྒས་གསོ་ཁང་ནང་དུ་ཞུགས་རྒྱུའི་རེ་སྐུལ་ཡང་ཞུས། ཉིན་རྒྱབ་ཆུ་ཚོད་༢ པ་ཙམ་ནས་མུ་མཐུད་ཉམ་ཐག་ཁག་ཅིག་ལ་འཚམས་གཟིགས་དང་། གྲོང་སྡེ་ཁ་ཤས་ཀྱི་ཞིང་ཆུ་འདྲེན་གཏོང་གི་ལས་གཞི་དང་། རྩེད་ཐང་གསར་རྒྱག་གི་ལས་གཞིའི་ས་གནས་སུ་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་།
ཚེས་༢༧ ཉིན་སྔ་དྲོ་ཆུ་ཚོད་༩། ༣༠ ནས་ཆུ་ཚོད་༡ ཡོལ་ཙམ་བར་མཉམ་འབྲེལ་ཚོགས་ཁང་ཆེན་མོའི་ནང་ས་གནས་སེར་སྐྱ་མང་ཚོགས་༦༠༠ ལྷག་ཙམ་ལ་ཐོག་མར་ལས་དྲུང་ལགས་ནས་ལས་རིམ་ངོ་སྤྲོད་དང་། དེ་ནས་ས་གནས་འགོ་འཛིན་ལྷག་པ་རྡོ་རྗེ་ལགས་ནས་སྤྱི་འཐུས་རྣམ་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་རེ་ངོ་སྤྲོད་གྲུབ་པ་དང་རིམ་བཞིན་སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་རྣམ་གཉིས་ནས་གོང་གསལ་བརྗོད་གཞི་བཟུང་། ཉིན་གསུམ་རིང་གི་ས་གནས་ཀྱི་གཟིགས་ཚུལ་དང་འབྲེལ་བའི་ཐོག་ལ་གཏམ་བཤད་དང་། དོགས་འདྲི་ཁག་ལ་དོགས་གཅོད་དང་། གསལ་བཤད་ལན་འདེབས་ཞུས།ཀོ་ལེ་གྷལ། ༢
ཕྱི་ཚེས་༢༧ ཉིན་རྒྱབ་ས་གནས་གནད་ཡོད་མི་སྣ་༣༠ ལྷག་ཙམ་ས་གནས་ལས་ཁུངས་ཀྱི་ར་སྐོར་དུ་འདུ་འཛོམས་ཀྱིས་ཕེབས་སྐྱེལ་དང་སྦྲགས་ས་གནས་འགོ་འཛིན་ལས་ཁུངས་རླངས་འཁོར་གྱིས་ཕེབས་སྐྱེལ་ཞུས་ཏེ་སྦེང་ལོར་དུ་འབྱོར་ཞིང་། ཕྱི་ཚེས་༣༠ ཉིན་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་པ་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་ལྡི་ལི་ནས་རྡ་སར་ཐོན་ཏེ་ཕྱི་ཟླ་༦ ཚེས་༡ ཉིན་ལས་ཀར་ཞུགས། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་ཕྱི་ཟླ་༦ ཚེས་༢ ཉིན་ཝཱ་ར་ན་སཱིར་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ཀྱི་ལས་བསྡོམས་ནང་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་ལས་ཁུངས་ཁག་བཅས་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་དབྱེ་གསེས་ཁ་གསལ་བཀོད་གནང་གིས་རྒྱུན་ལས་སུ་འབུལ་ལམ་ཞུས་ཏེ་སྡེ་ཚན་སོ་སོར་འབུལ་རྒྱུ་ཡིན་པ་དང་། ད་ལན་སྤྱི་འཐུས་རྣམ་གཉིས་ས་བགོས་ཕྱོགས་བསྐྱོད་སྐབས་མཐུན་འགྱུར་གནང་མཁན་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། ཀོ་ཌི་ཀ་ནལ་དང་། ཨུ་ཀྲི། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ལས་ཁང་བཅས་ཀྱི་ས་གནས་སོ་སོའི་འགན་འཁུར་བ་དང་འབྲེལ་ཡོད་ལས་བྱེད། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། དགོན་སྡེ་ཁག་གི་ལས་སྣེ་ཕྱག་མཛོད་དང་། ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཛིན་རྣམ་པ་སོགས་མདོར་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་དང་། རྒྱ་ཆེའི་སེར་སྐྱ་མང་ཚོགས་བཅས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་བཅས་ཀྱི་གནས་བསྡུས་སུ།4 5