༄༅། །སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཀ་སྦུག་ས་སྐྱ་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དབུ་འབྱེད་མཛད་སྒོར་ཕེབས་པ།

IMG_1705༄༅། །ཕྱི་ ༢༠༡༥ ཟླ་ ༩ ཚེས་ ༡༡ ཉིན་ཕྱི་དྲོ་ཆུ་ཚོད་ ༦ ཐོག་དྷ་རམ་ས་ལ་ནས་ལྡི་ལིར་ཐོན། ཕྱི་ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ལྡི་ལི་ནས་མཁའ་ལམ་བརྒྱུད་སྦག་ཌོ་རར་འབྱོར་སྐབས་ཀ་སྦུག་ས་འགོའི་བསུ་བ་དང་འབྲེལ་སྣུམ་འཁོར་བརྒྱུད་ས་སྐྱ་དགོན་པར་འབྱོར་ཡོད་པ་རེད། ཕྱི་ཚེས་ ༡༣ རེས་གཟའ་ཉི་མ་གུང་གསེང་། ཕྱི་ཚེས་ ༡༤ སྔ་དྲོ་ཚུ་ཚོད་ ༩ ཐོག་གཟའ་སྐར་དགེ་བའི་ཉིན་དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བོད་ལུགས་འཁྲུངས་སྟོན་དང་སྟབས་བསྟུན་ཀ་སྦུག་དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་གཙུག་ལག་ཁང་དབུ་འབྱེད་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཀའ་དྲིན་བསྐྱངས། རྟེན་གསུམ་སྤྱན་སྔར་སྣང་གསལ་སྒྲོན་མེ་ཞལ་འབྱེད་མཛད་དེ་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན། ༸སྐྱབས་མགོན་གདུང་སྲས་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། འདུས་མང་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་བཀྲ་ཤིས་ཚིགས་སུ་བཅད་པ་དབྱངས་དང་བཅས་པ་དང་ས་སྐྱའི་བཙུན་མའི་འདུ་སྡེ་ནས་ལེགས་སྦྱར་གྱི་སྐད་ཐོག་ཤིས་བརྗོད། དགོན་པའི་ལས་བྱེད་ཀུན་དགའ་ཕུན་ཚོགས་ལགས་ནས་ཕུན་ཚོགས་ལྔ་ལྡན་གྱི་ལེགས་བཤད་མཆོད་འབུལ་ཕུལ་ཡོད་པ་རེད། འཁོར་ཆགས་མཁན་སྤྲུལ་མཆོག་ནས་བྱོན་པ་ལེགས་སོ་དང་འབྲེལ་བའི་ཐོག་ནས་བལ་སྐད་ཐོག་གསུང་བཤད་གནང་གྲུབ་མཚམས། ༸སྐྱབས་མགོན་གདུང་སྲས་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་ནས་དགོན་པ་གསར་བཞེངས་མཛད་དགོས་པའི་དམིགས་ཡུལ་དང་འབྲེལ་བའི་ཐོག་ནས་གསུང་བཤད་དང་། ༸སྐྱབས་མགོན་གདུང་སྲས་སྐུ་གཞོན་ཛྙན་བཛྲ་རིན་པོ་ཆེ་མཆོག་ནས་དགོན་པའི་བྱུང་རིམ་དང་འབྲེལ་བའི་ཐོག་ནས་དབྱིན་སྐད་ཐོག་གསུང་བཤད་གནང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ་གསུང་འཕྲིན་སྒྲོག་སྦྱང་གནང་སྐབས་གསུང་འཕྲིན་ནང་དོན་སྙིང་བསྡུས་ནི། དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་གསེར་རིའི་ཕྲེང་བ་རིམ་བྱོན་རྣམས་ཀྱིས། DSC_0117བོད་ཀྱི་ཆོས་སྲིད་རིག་གསུམ་ལ་མཛད་བཟང་རླབས་པོ་ཆེའི་སྐུ་དྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། དཔལ་ས་སྐྱ་༸གོང་མ་ཁྲི་རབས་ ༤༡ པ་ཆེན་པོ་མཆོག་གིས་བོད་ཀྱི་བསྟན་པ་ཆབ་སྲིད་ཤིན་ཏུ་ཛ་དྲག་གཉན་འཕྲང་ཅན་གྱི་སྐབས་འདིར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་སྲིད་མཛད་ཇུས་ཀུན་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར། ཐུགས་འཁུར་དང་རྒྱབ་སྐྱོར་བླ་ན་མེད་པའི་སྐུ་དྲིན་བསྐྱངས་དང་སྐྱོང་མུས་ལ། ད་རེས་གོ་སྐབས་བཟང་པོ་འདི་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ན་མེད་པ་ཆེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་མཆོག་ནས་གཏམ་བཤད་ཐུང་ཙམ་གནང་བའི་ནང་སྤྱི་ཡོངས་མཚན་མཆོག་གསུམ་ལྡན་སྲས་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་ནི། གངས་ལྗོངས་ཆོས་བརྒྱུད་ཆེན་པོ་དཔལ་ལྡན་ས་སྐྱ་པའི་རང་ཆས་སུ་ཡོད་པའི་བསྟན་པའི་བདག་པོ་གཙོ་བོ་ཞིག་ཡིན་པའི་ཐོག སྐུ་ཡོན་གྱི་ཤེས་ཚད་དང། རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་ཆ་ཕྲ་མོ་ཙམ་ཡང། ང་ལྟ་བུའི་གྲྭ་རྐྱང་ཞིག་གིས་བསམ་ཀྱང་མི་ཤེས། བརྗོད་ཀྱིས་མི་ལངས་པའི་གནས་སྟངས་ཞིག་རེད་ཞེས་གསུང་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་གི་སྐུ་ཚབ་ཆོས་རིག་དྲུང་ཆེ་རྒྱ་གླིང་དོན་འགྲུབ་རྡོ་རྗེ་ལགས་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ་གསུང་བཤད་གནང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གསུང་འཕྲིན་སྒྲོག་སྦྱང་གནང་། མཚན་མཆོག་གསུམ་ལྡན་དཔལ་ས་སྐྱ་༸སྐྱབས་མགོན་༸བདག་ཆེན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་གྲུབ་མཚམས། དགོན་པའི་འགན་འཛིན་བླ་མ་བློ་གྲོས་སེངྒེ་ལགས་དང་། བདག་མོོ་ས་འདུལ་སྐལ་ལྡན་སྒྲོན་སྐྱིད་མཆོག དགོན་པའི་ལས་བྱེད་བཅས་ནས་བོད་དབྱིན་བལ་གསུམ་གྱི་སྐད་ཐོག་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་རིམ་ལེགས་པར་གྲུབ་ཡོད་པ་རེད། ཉིན་གུང་ཆུ་ཚོད་ ༡ པོ་ནས་དབུ་ཚུགས་ཏེ་མཛད་སྒོ་དང་འཁྲུངས་སྟོན་གཞས་སྣ་འཁྲབ་སྟོན་དུ་མ་ཕུལ་ཏེ་མཛད་སྒོ་ལེགས་པར་གྲུབ། ཕྱི་ཚེས་ ༡༥ ཉིན་ས་འགོའི་ཕེབས་རོགས་འོག་ཀ་སྦུག་ནས་ཐོན། དེ་ནས་སྦག་ཌོ་ར་ནས་མཁའ་ལམ་བརྒྱུད་ལྡི་ལིར་འབྱོར། ཕྱི་ཚེས་ ༡༦ ཉིན་དགོང་དྲོ་ཆུ་ཚོད་ ༦ ཐོག་ལྡི་ལི་ནས་ཐོན་ཏེ་ཕྱི་ཚེས་ ༡༧ སྔ་དྲོ་ཆུ་ཚོད་ ༦ ཐོག་དྷ་སར་འབྱོར་ཡོད་པ་རེད།