༄༅། །སྤྱི་ཟུར་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ནས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་དང། སྤྱི་སྐབས་ ༡༥ པའི་ལོ་ ༢ པའི་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ།

སྤྱི་ཟུར་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས།སྤྱི་ཟུར་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས།

 

༄༅། །བོད་མི་མང་ས་སྐྱའི་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་སྐུ་གཟུགས་བདེ་མིན་གྱིས་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་ཚབ་ཏུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་སྐབས་ ༡༥ པའི་ས་སྐྱའི་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་ཁོངས་ནས་དགེ་བཤེས་ཚེ་རིང་པོ་ལགས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་ཚོགས་དྲུང་ལས་ཁུངས་ལ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་ཕུལ་དོན་བཞིན། ཕྱི་ལོ་ ༢༠༡༢།༠༦།༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠།༡༥ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་དུ་ལས་འཁུར་དམ་འབུལ་ཞུས་ཡོད་ཅིང།  དམ་འབུལ་གྲུབ་པ་དང་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ཀྱིས་ཁོང་ལ་མཇལ་དར་ཕུལ།  དེ་ནས་མུ་མཐུད་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་གཉིས་པའི་རྒྱུན་ལས་ཀྱི་ལྷན་ཚོགས་ཐེངས་དང་པོ་གནང་བ་དང་སྟབས་འཁེལ་ལ་བརྟེན་རྟེན་འབྱུང་གསོལ་ཇ་འབྲས་བསིལ་ཡང་སྟབས་གཅིག་ཏུ་འདེགས་འབུལ་རྗེས།  དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་སྤྱི་འཐུས་སུ་ལས་འཁུར་དམ་འབུལ་གནང་བ་དང།  རྒྱུན་ལས་ཚོགས་མི་གསར་ཕེབས་རྣམ་པར་འཚམས་འདྲི་གནང་བ་མ་ཟད།  ཤེས་འཇོན་གང་ཅི་ལྡན་པའི་རྒྱུན་ལས་རྣམ་པའི་རྣམ་དཔྱོད་དང་གཞོགས་འདེགས་ལ་བརྟེན་ནས་སྤྱི་དོན་གང་ཅིར་ཕན་ནུས་ལྡན་པའི་ཞབས་ཞུ་ཐུབ་པའི་ཐུགས་རེའི་གསུང་བཤད་ཐུང་ཙམ་ཞིག་གནང་རྗེས།  ལྷན་ཚོགས་སུ་རྒྱུན་ལས་ཀྱི་ཚོགས་ཆུང་ཁག་གསུམ་པོར་རྒྱུན་ལས་རྣམ་པ་ཆ་བགོས་གནང་རྒྱུ་སོགས་ད་རིང་རྒྱུན་ལས་ཀྱི་གནང་སྒོའི་ལས་རིམ་ཁག་གི་ཐོག་བཀའ་བསྡུར་དང་འབྲེལ་བའི་ཐག་གཅོད་ཁག་གནང་ཡོད་པ་རེད།

ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢།༠༦།༡ ལ།།