༄༅། །སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༨ པ་ཕྱི་ལོ་ ༢༠༡༤།༩།༡༢ ནས་ ༢༤ བར་འཚོགས་བཞིན་པའི་ལས་ཉིན་དགུ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༢ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་གྲོས་ཚོགས་དབུ་འཛུགས་ཀྱིས་གྲོས་ཚོགས་སུ་ཉེ་ལམ་ཟླ་འདིའི་ཚེས་ ༡༧ ཉིན་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་རུ་རྒྱལ་གཅེས་དཔའ་བོ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པས།  thumbདེའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏོན་གནང་བ་དང་།  གྲོས་ཚོགས་ཚོགས་མི་ཡོངས་ནས་སྐུ་བཞེངས་ཐོག་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཆེད་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཀྱི་ངག་བཅད་གནང་།

ཉིན་འདིའི་ལས་རིམ་ ༢ པ།  ཡིག་ཆ་ཨང་ ༥༢ པ། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གཞེན་སྐུལཞུ་ཡུལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག། ༸གོང་ས་མཆོག་ཧམ་སྦོག་ལ་སོགས་པ་ཕྱི་ཡི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲངས་པས་ངོ་རྒོལ་དང་སྐད་འབོད་ཤུགས་ཆེན་བྱས་པར་བོད་མི་ཡོངས་ལ་བརྗོད་མི་ཤེས་པའི་བློ་ཕམ་བྱུང་དང་འབྱུང་བཞིན་པར་བརྟེན་གདོང་ལེན་ནན་པོ་བྱེད་དགོས་པ་གལ་ཆེ་དང་། ༸གོང་ས་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱབས།  རྒྱལ་སྤྱིའི་གསར་འགོད་པར་དྲང་བདེན་འགྲེལ་བཤད་བཅས་དགོས་སྐོར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་ཞིག་བཏོན་གནང་བ་དང་། སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་རྒྱབ་སྐྱོར་གནང་།

ཉིན་འདིའི་ལས་རིམ་པ། སྔོན་མའི་འཕྲོ་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོའི་ཐད་སྤྱི་འཐུས་ ༢༠ ཡིས་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཉིན་འདིའི་ལས་རིམ་མཐའ་མ། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣་་་ ༡༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་།  སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་སྤྱི་ཡོངས་བགྲོ་གླེང་དགོས་པའི་གཞུང་འབྲེལ་གྲོས་འཆར་བཏོན་གནང་སྟེ་དེ་ལ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱབ་སྐྱོར་གནང་། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༡༢ ཀྱིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སྟེ་བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ལས་རིམ་ཡོངས་སུ་གྲུབ་ཟིན་ཡོད་པ་བཅས་ཀྱི་ཉིན་འདིར་གྲོས་ཚོགས་སུ་བསྐྱངས་པའི་ལས་རིམ་སྙིང་བསྡུས་སུ།