༄༅། །སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༨ པ་ཕྱི་ལོ་ ༢༠༡༤།༩།༡༢ ནས་ ༢༤ བར་འཚོགས་བཞིན་པའི་ལས་ཉིན་དྲུག་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

ཕྱི་ལོ་༢༠༡༤ཟླ་ཚེས་༡༨ཉིན་སྔ་དྲོ་ཕྱག་ཚོད་༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག ཉིན་འདིའི་ལས་རིམ་ ༡ པོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ ༡༢༨ པའི་དགོངས་དོན་ལྟར། བཙན་བྱོལ་བོད་མིིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཟིན་ནས་མི་ལོ་ ༡༠ ཙམ་སོང་ཟིན་པ། བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་སུ་ལག་བསྟར་ཇི་ཙམ་འཁེལ་མིན་ཐད་ཤེས་ཡོན་ཚོགས་ཆུང་ཞིག་འཛུགས་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་བཏོན་གནང་བ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་། དེ་བགྲོ་གླེང་དུ་ཚུད་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགག་བྱ་གནང་བ་དང་སྦྲགས་འཛིན་སྐྱོང་ནས་མི་ལྔ་ལས་གྲུབ་པའི་རྟོག་ཞིབ་ཚོགས་ཚུང་ཞིག་བཙུགས་ཟིན་པ་སོགས་ཀྱི་གསལ་བཤད་གནང་རྗེས། དགག་བྱ་ ༦ དང་རྒྱབ་སྐྱོར་ ༢༠ ཡི་ཐོག་གྲོས་ཆོད་གྲོས་འཆར་དེ་མང་མོས་ཐོག་ཚུད་དེ། གྲོས་ཚོགས་ནང་ཚོགས་ཐུན་གསུམ་མིན་ཙམ་རིང་སྤྱི་འཐུས་ཆ་ཤས་བཞེས་མཁན་རྣམས་ཀྱིས་དགོངས་ཚུལ་གསུངས་པ་དང་། དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་མཆོག་གིས་གསལ་བཤད་གནང་དགོས་ཁག་གནང་མཐར་དགག་བྱ་ ༡༥ དང་རྒྱབ་སྐྱོར་ ༡༧ ཐོག་གྲོས་ཆོད་གྲོས་འཆར་ལ་མང་མོས་བྱུང་སྟེ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཤེས་ཡོན་ཚོགས་ཆུང་འཛུགས་རྒྱུ་གནང་།

དེ་བཞིན་ཡིག་ཆ་ཨང་ ༣༠ པ། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་ཀྱི་འཛིན་སྐྱོང་ལས་བྱེད་རྣམས་ཁུངས་སོ་སོ་ནས་ཐད་བསྐོ་མ་དགོས་པར། འདེམས་བསྐོ་ལྷན་ཁང་ནས་སྒྲིག་གྲལ་སྡེ་མཚན་སྤྱིའི་ལས་བྱེད་སྤྱི་མཚུངས་འདེམས་བསྐོ་བྱ་རྒྱུ་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་གི་གནས་སྟངས་ལ་བསྐྱར་ཞིབ་ཚོགས་ཆུང་ཞིག་འཛུགས་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏོན་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་བ་སྤྱི་མོས་བྱུང་།

ཉིན་འདིའི་ལས་རིམ་ ༢ པ། གཞུང་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཡིག་ཆ་ཨང་༣༡།༣༢ །༣༣།༣༤།༣༥།༣༦།༣༧།༣༨  བཅས་ཀྱི་བརྗོད་པ་དང་པོ་ཟིན།

ཉིན་འདིའི་ལས་རིམ་ ༣ པ།  སྔོན་མའི་འཕྲོ་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོའི་ཐད་སྤྱི་འཐུས་ ༡༦ གི་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཉིན་འདིའི་ལས་རིམ་མཐའ་མ། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣་་་ ༡༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་དང་། དེར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པར་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་སྟེ་དེ་ལ་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་ཀྱིས་རྒྱབ་སྐྱོར་གནང་། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱིས་བགྲོ་གླེང་གནང་སྟེ་མཚན་མོ་ཆུ་ཚོད་ ༨ པའི་སྟེང་གྲོས་ཚོགས་གྲོལ་ཡོད་པ་བཅས་ཉིན་འདིར་གྲོས་ཚོགས་སུ་བསྐྱངས་པའི་ལས་རིམ་སྙིང་བསྡུས་སུ།