༄༅། །རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་༢༠༡༣ ཟླ་༩ ཚེས་༢ ཉིན་རྒྱབ་ཆུ་ཚོད་༤ ཡོལ་ཙམ་ལ་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་། སྒོ་མང་ཡུལ་ཚོའི་སྒོ་མང་མཐའ་བ་རུ་རང་ལོ་༤༡ ཡིན་པའི་མི་སྐྱ་ཞི་ཆུང་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད།

ཁོང་གི་རང་ལུས་མེར་སྲེག་གི་བྱུང་རྐྱེན་ནི། ལོ་ལྟར་ས་གནས་སུ་མཎ་སྟོན་ཞེས་ལོ་གཅིག་ནང་མི་ཚང་སོ་སོས་མ་ཎི་ཅི་ཙམ་བསགས་ཡོད་མེད་ཀྱི་གྲངས་ཐོ་བསྡུ་རུབ་ཆེད་མི་མང་འདུས་ཚོགས་བྱེད་སྲོལ་ཡོད་པ་དེ་གྲ་སྒྲིག་བྱེད་སར་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་སྐབས། ཁོང་གིས་རང་གི་གྲོགས་པོ་ཚོར་”རྒྱ་ཚང་གིས་འདུག་འཇུག་ས་མ་རེད་”ཅེས་ཐེངས་མང་བཤད་འདུག་པ་དང་། ཚེས་༢༨ ཉིན་རྒྱབ་མཎ་སྟོན་འཚོགས་ས་ནས་རང་ཁྱིམ་དུ་སོང་སྟེ་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་མེ་ཞིག་སྒྲོན་རྗེས། རང་ཁྱིམ་གྱི་སྒོ་འགྲམ་དུ་རང་ལུས་ལ་མེ་སྤར་ཏེ་གཞུང་ལམ་ཕྱོགས་སུ་སྐད་འབོད་ཀྱིས་གོམ་པ་བཞི་བཅུ་ལྷག་ལ་རྒྱུག་རྗེས་ས་ལ་འགྱེལ་ཏེ་སྐུ་གྲོངས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་། མི་མང་གིས་མཐོང་ནས་ཀི་ལྡིར་བྱེད་བཞིན་དམ་པ་ཁོང་གི་སྐུ་ཕུང་བདག་ཉར་བྱེད་དུ་རྒྱུག་ཡོད་ཀྱང་། མཎ་སྟོན་ལྟ་རྟོག་བྱེད་མཁན་རྒྱ་གཞུང་གི་ཉེན་རྟོག་པ་སོགས་ཀྱིས་མི་མང་ཐོག་མེ་མདའ་ཚད་ནས་བཀག་འགོག་བྱས་སྟབས། མི་མང་དང་ཉེན་རྟོག་དབར་འཁྲུག་འཛིང་ཆེན་པོ་ཤོར་གྲབས་སྐབས་སྡེ་མི་རྒན་རབས་རྣམས་ཀྱིས་རོ་གཅིག་གི་སྒང་ལ་གཉིས་ཀྱི་སྣོན་མར་ཆགས་ཉེན་ཆེ་བས་སྤྱི་སྒེར་གཉིས་ཀར་སྡུག་ཐོག་སྡུག་བརྩེགས་མ་གཏོགས་མི་ཡོང་བས་ཞི་འཇམ་དགོས་པའི་འབོད་སྐུལ་ཞུས་པ་དང་། རྒྱ་གཞུང་ལ་ཡང་བཙན་ཤེད་ཁོ་ནས་ཡོང་ཐབས་མེད་ཚུལ་ནན་གྱིས་བཤད་མཐར་ཚབས་ཆེ་གནས་ཚུལ་རིགས་སྐབས་དེར་བྱུང་མེད་ཀྱང་། རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་ཉེན་རྟོག་པས་རྔ་བ་རྫོང་མཁར་གྱི་ཕྱོགས་སུ་བཙན་འཁྱེར་བྱས་འདུག

རྒྱལ་གཅེས་དཔའ་བོ་ཁོང་གི་བཟའ་ཟླའི་མིང་ལ་པ་ལོ་ཟེར་ཞིང་། རང་ལོ་༣༩ ཙམ་ཡིན་པ་དང་། ཁོང་གཉིས་ལ་རང་ལོ་༡༨ ཅན་གྱི་བུ་མོ་ཚེ་ལོ་ཟེར་བ་ཞིག་དང་། རང་ལོ་༡༤ ཅན་གྱི་བུ་ཕུན་ཚོགས་ཟེར་བ་གཉིས་ཡོད་འདུག  ཁོང་གི་ཁྱིམ་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་ཡང་།  ཁོང་ལ་དམིགས་བསལ་འཚེམ་བཟོའི་ལག་རྩལ་ཡོད་སྟབས་རང་བཙེམ་རང་ཚོང་གི་ཞོར་ལས་བཅས་ལ་བརྟེན་ནས་གནས་པ་ཞིག་ཡིན་འདུག ཁོང་གི་ཤུལ་ལུས་ནང་མིས་གཙོས་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྒྱ་གཞུང་གིས་བོད་ནང་དྲག་གནོན་ལ་བརྟེན་ད་བར་དམ་པ་ཁོང་རྩིས་ཏེ་སྐྱ་སེར་མི་གྲངས་༡༢༡ གིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། དེ་དག་ཚང་མས་བོད་ནང་རང་དབང་མེད་པ་དང་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཤིག་བོད་མི་ཡོངས་ལ་ཡོང་རེར་དམིགས་ནས་བློས་བཏང་ཆེན་པོ་གནང་བ་ཤ་སྟག་ཡིན་པས། རྒྱ་གཞུང་གིས་བོད་མིའི་མངོན་འདོད་ལ་བསམ་ཤེས་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་མ་ཟད། རྒྱ་གཞུང་གི་དྲག་གནོན་གྱི་སྲིད་ཇུས་དང་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་ཡོང་བའི་འབོད་བསྐུལ་ནན་གྱིས་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༣ ཟླ་༩ ཚེས་༣༠ ལ།