༄༅། །རྒྱལ་གཅེས་དཔའ་བོ་དཀོན་མཆོག་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་འབྱོར་ཉིན་དེར་བོད་མདོ་སྨད་དགའ་བདེ་རྫོང་དམེ་སྐོར་སྡེ་བའི་རང་ལོ་ ༤༢ ཡིན་པའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ལགས་ཀྱིས་གཙང་སྐོར་ཡུལ་ཚོའི་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་ཁར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐབས། ཉེ་འཁོར་གྱི་བོད་མི་ཁག་ཅིག་གིས་ལུས་སྟེང་གི་མེ་བསད་དེ་རྒྱ་གཞུང་གི་ལག་ཏུ་མ་ཚུད་པ་བྱས་ནས་མཚོ་སྔོན་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྟེན་གཏུག་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་ལགས་ནི། དེང་སྐབས་རྒྱ་གཞུང་གིས་བཅད་བཟུང་ས་བགོས་ལྟར་གྱི་མཚོ་སྔོན་ཞིང་ཆེན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། དགའ་བདེ་རྫོང་། གཙང་སྐོར་ཡུལ་ཚོ། (གཙང་སྐོར་ཞོལ་མ) དམེ་སྐོར་སྡེ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༤༢ ཡིན་པ་དང་།132 ཕ་དམེ་ཚེ་དང་མ་ཁྲ་རིལ་མ་གཉིས་ཀྱི་བུ་ཡིན་འདུག་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཀླུ་པ་ཟེར་ཞིང་བུ་ཞིག་གྲྭ་བ་ཡིན་ཞིང་། བུ་མོ་ཞིག་བཙུན་མ་ཡིན་འདུག རྒྱལ་གཅེས་དཔའ་བོ་དཀོན་མཆོག་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་འབྱོར་བའི་དུས་ཚོད་དང་སྟབས་བསྟུན་ནས་རང་ལུས་མེར་བསྲེགས་གནང་བ་ཞིག་ཡིན་འདུག་པ་དང་། སྐབས་ཐོག་དེར་ཉེ་འཁྲིས་ཀྱི་བོད་མི་ཁག་ཅིག་གིས་མེ་བསད་དེ་གསང་སྟབས་ཀྱིས་ཟི་ལིང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་སྐོར་དང་། ཁོང་གི་སྐུ་ལུས་མེས་ཚིགས་པའི་གནས་སྟངས་ཤིན་ཏུ་ཚབས་ཆེ་བས་སྐད་ཆ་ཆ་ཚང་ཞིག་བཤད་ཐུབ་ཀྱི་ཡོད་མི་འདུག  རྒྱ་གཞུང་གི་འཇིགས་སྐུལ་དང་དམ་དྲག་དབང་གིས་ད་ལྟའི་ཆར་གནས་སྟངས་ཞིབ་ཕྲ་ཁ་གསལ་ལག་སོན་བྱུང་མེད་པ་མ་ཟད་ཁོང་སྐུ་འཚོ་བཞུགས་ཐུབ་རེ་ཡོད་མེད་ཀྱི་གསལ་ཁའང་ཐོན་ཐུབ་མེད།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩།༢།༢༧ ནས་ ༢༠༡༤།༩།༡༧ བར་རང་ལུས་མེར་བསྲེགས་གནང་མཁན་ ༡༣༢ པ་དེ་ཆགས་ཡོད།

གཞན་ཡང་ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༡༠ ཚེས་ ༤ རེས་གཟའ་སྤེན་པའི་ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༠།༥༠ ཙམ་ལ་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་འབུ་ཆུ་དབྱར་ཁབ་གྲོང་ཚོ་ནས་ཡིན་པའི་ཕ་ཆོས་དབང་རྒྱ་མཚོ་དང་། མ་རིན་དགའ་གཉིས་ཀྱི་བུ་པ་སངས་དབང་ཕྱུག་གམ་ཡོངས་གྲགས་སུ་སྔོ་འབྲུ་ཡིས་དཀར་མཛེས་རྫོང་ཐོག་ཁྲོམ་གཞུང་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཞི་བའི་ངོ་རྒོལ་བྱས་འདུག པ་སངས་དབང་ཕྱུག་གམ་སྔོ་འབྲུ་ལགས་ནི། ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༣༧ ཡིན། བཟའ་ཟླའི་མིང་ལ་བསོད་ནམས་དང་། བུ་བུ་མོ་གསུམ་ཡོད་འདུག་པ་དང་། ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་བཙུན་མ་སྤོས་དབང་ཡང་ ༢༠༠༨ ལོར་ཞི་བའི་ངོ་རྒོལ་བྱས་པ་ལ་བརྟེན་ནས་ལོ་གཉིས་དང་ཕྱེད་བཙོན་འཇུག་བྱས་ཏེ། ཉེས་རྡུང་ཚབས་ཆེན་ཕོག་ནས་གཟུགས་པོ་སྐྱོན་ཅན་བཟོས་ཡོད་འདུག པ་སངས་དབང་ཕྱུག་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་སྐད་གསང་མཐོན་པོའི་སྒོ་ནས་བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཆོས་དད་རང་མོས་དགོས། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་ཡིག་ངག་གཉིས་ཐོག་ནས་འབོད་ཚིག་བསྒྲགས་པའི་སྐར་ཆ་ཁ་ཤས་རྗེས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཞི་འཇམ་དང་ལྷོད་ཡངས་སུ་སོང་མེད་པར་ད་དུང་ཡང་སྔར་མུས་བཞིན་གནས་ཡོད་པ་རེད།

ད་ལྟའི་བར་དུ་རྒྱ་གཞུང་གིས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཞིང་འབྲོག་དང་། དགོན་སྡེ། སློབ་གྲྭ་བཅས་ཀྱི་བོད་མི་རྒན་དར་གཞོན་གསུམ་གྱིས་ཞི་བའི་སྐད་འབོད་བྱེད་པ་དང་། དམིགས་བསལ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་དམའ་འབེབས་དང་སྡིགས་ར་སྐུལ་བ། ཁོ་ཚོ་ནི་རིག་འཚོ་མ་ཟིན་པ་དང་། བཟའ་ཚང་མ་འཆམ་པ། གཞན་གྱིས་བརྒྱུད་སྐུལ་དང་བཙན་སྐུལ་བྱས་པ་རེད་ཟེར་བ་སོགས་ཁུངས་ལུང་མེད་པ་དང་གནས་ལུགས་ལ་རྒྱབ་འགལ་དུ་འགྲོ་བའི་རྒྱགས་གཏམ་འབའ་ཞིག་གིས་བསྙོན་དཀྲི་བཙན་འགེལ་བྱེད་པ་ལས། ཁོང་རྣམས་ཀྱིས་གཞན་ལ་འཚེ་བ་མེད་པའི་ཐོག་ནས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་དགོས་པའི་འཕྲལ་ཕུགས་ཀྱི་རྒྱུ་རྐྱེན་ངོ་མ་སྟེ། མངོན་འདོད་དང་རེ་བ་ཇི་ཡིན་ལ་རྟོག་ཞིབ་ཀྱིས་གནད་དོན་དངོས་ཐག་གཅོད་ཀྱི་འགན་ཁུར་གང་ཡང་མེད་པའི་ཁར། རྒྱལ་ཁབ་ཁ་བྲལ་ཟེར་བའི་ཉེས་མིང་ཞིག་བཀལ་བ་ཙམ་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང༌། དྲང་བདེན་བཅས་པ་རྒྱང་དུ་དོར་ཆོག་ཆོག་དང་། ཞི་བདེ་དང་དྲང་བདེན་མང་གཙོ་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། རྒྱལ་སྤྱིའི་གནད་ཡོད་དབུ་འཁྲིད་རྣམ་པ། གཞུང་སྒེར་ཚོགས་སྡེ་སོགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཐབས་སུ་གྲོས་ཆོད་རིམ་འཇོག་དང་འབོད་སྐུལ་ཇི་གནང་བཅས་ཚང་མར་བརྩི་མེད་ཀྱིས་རྒྱ་གཞུང་གིས་རང་འདོད་ཁོ་ན་ལག་བསྟར་བྱས་དང་བྱེད་བཞིན་པའི་མཇུག་འབྲས་མཐའ་དག་རྒྱ་ནག་གཞུང་ཕྱོགས་ཀྱི་སྐབས་འབྲེལ་འགོ་ཁྲིད་རྣམས་ཀྱིས་འགན་ཆ་ཚང་འཁུར་དགོས་པ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༤ ཟླ ༡༠ ཚེས་ ༩ ལ།