༄༅། །ཞི་བར་གཤེགས་པ་༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་སྐབས་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་ཕེབས་གནང་བ།

yangthang-3

ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༥ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཧའེ་དྷར་བྷ་ཌའི་སྨན་ཁང་ཞིག་ཏུ་རྒྱ་ནག་གཞུང་གི་བཙོན་ཁང་དུ་བོད་དོན་ཆེད་མི་ལོ་ཧྲིལ་པོ་ ༢༠ བཞུགས་མྱོང་བའི་ཆབ་སྲིད་བཙོན་ཟུར། སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པ་དང་། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་བཀའ་དགོངས་བཞིན་བདུན་གསུམ་རིང་སྒང་ཏོག་མཆོད་རྟེན་དགོན་དུ་དགོངས་རྫོགས་མཆོད་འབུལ་གནང་ཡོད་པ་དང་། དེ་ནས་གསང་ཆེན་པདྨ་ཡང་རྩེ་དགོན་དང་། ཆོས་རྒྱལ་རྣམ་གསུམ་ཞལ་འཛོམས་ནས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཆོས་སྒོ་ཐོག་མར་ཕྱེ་བའི་གནས་མཆོག་ཡུག་གསུམ་ནོར་བུ་སྒང་གི་ཉེ་ཞོལ་གཟིམ་ཤག་ཏུ་སྐུ་གདུང་རིན་པོ་ཆེ་གདན་ཞུ་དང་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ཞུས་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢ ཉིན་བླ་ཆེན་ཁག་གིས་སྤོས་སྣེ་དང་དུང་རྒྱ་སེར་བང་གི་མཆོས་རྫས་ཐོགས་ཏེ་སྔ་དྲོའི་ཚོུད་ ༩།༠༠ ཙམ་ལ་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་སའི་གདུང་ཁང་དུ་གདན་ཞུ་གནང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་མཆོག་དང་། དགོན་བྱང་མཆོག་སྤྲུལ་རིན་པོ་ཆེ། ལ་ཆུང་རིན་པོ་ཆེ། མཆོག་སྤྲུལ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་སོགས་དབུ་བཞུགས་ཀྱིས་ཞི་ཁྲོ་དང་། རྡོར་སེམས་ཆོ་ག་བཅས་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་སྦྱིན་སྲེག་ཆོ་གའི་སྒོ་ནས་སྐུ་གདུང་ཞུགས་འབུལ་གནང་འདུག

སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྐུ་གདུང་རིན་པོ་ཆེ་མཇལ་ཞུ་དང་། བླ་བྲང་གི་འབྲེལ་ཡོད་རྣམས་ལ་མཇལ་འཕྲད་གནང་ཡོད། སྐབས་དེར་འབྲས་ལྗོངས་རྒྱལ་པོའི་སྲས་བརྒྱུད་དང་། ནང་སྲིད་བཀའ་བློན། མངའ་སྡེ་གཞུང་གི་གནད་ཡོད་མི་སྣ། འབྲུག་གཞུང་གི་གྲོས་ཚོགས་འཐུས་མི་བཅས་སྐྱ་སེར་སྟོང་ཕྲག་བརྒལ་བ་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་བར་མཇལ་ཞུ་ཕེབས་གནང་འདུག ཚེས་ ༢ ཉིན་མོ་དེ་འབྲས་ལྗོངས་མངའ་སྡེ་གཞུང་གིས་གཞུང་འབྲེལ་གུང་སེང་བཏང་གནང་འདུག

དེ་ཡང་སྔ་འགྱུར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཟླ་ ༡༡ ཚེས་ ༡༠ དུས་ཚེས་ཁྱད་པར་ཅན་དང། ཕྱི་ལོ་ ༡༩༢༩ ལོར་དེང་དུས་རྒྱ་གར་འབྲས་ལྗོངས་མངའ་སྡེའི་ས་ཆ་གཡང་ཐང་ཞེས་པར་སྐུ་བལྟམས། ངེས་དོན་རྡོ་རྗེའི་གཏེར་ལུང་དུ་མ་ནས་མངོན་པར་བསྔགས་པ་བཞིན། རྒྱལ་བ་ལྷ་བཙུན་ཆེན་པོ་དང༌། དེའི་རྣམ་འཕྲུལ་ཁྲག་འཐུང་འཇིགས་མེད་དཔའ་བོ། དེའི་ཡང་སྤྲུལ་མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པའི་ཡང་སྤྲུལ་མདོ་མང་གཡང་ཐང་རིན་པོ་ཆེའམ། ཀུན་བཟང་འཇིགས་མེད་བདེ་ཆེན་འོད་གསལ་རྡོ་རྗེ་མཆོག་ནི། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་སྐྱེས་ཆེན་དུ་མས་ལུང་བསྟན་པ་བཞིན་ངོས་འཛིན་མཛད། བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ཕྱི་ལོ་ ༡༩༤༢ ལོར་དེང་དུས་ཁམས་བྲག་མགོ་རྫོང་གི་ཁོངས་གཏོགས་མདོ་མང་སྐལ་བཟང་དགོན་དུ་ཞབས་སོར་འཁོད་ཅིང། སྐུ་གོང་མའི་ཁྲི་ལ་མངའ་གསོལ། རྗེ་འདི་ཉིད་ཀྱིས་སྐུ་ན་ཆུང་ངུའི་དུས་ནས་སྐུ་གོང་མའི་དངོས་སློབ་མདོ་མང་སོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་ཡི་གེ་འབྲི་ཀློག གར་ཐིག་དབྱངས་གསུམ་སོགས་རྡོ་རྗེ་སློབ་དཔོན་ལ་མཁོ་བའི་ལས་སོགས་ལ་སྦྱང་བརྩོན་གནང་བ་མ་ཟད། རྒྱ་དམར་དམག་དཔུང་བོད་དུ་སླེབས་སྐབས་རྒྱ་དམར་གཞུང་གི་འཛིན་བཟུང་བྱས་ནས་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས་བཙོན་ཁང་དུ་མི་ལོ་ ༢༠ བཞུགས་དགོས་བྱུང། སྐབས་དེར་ཁོང་བཞུགས་སའི་བཙོན་ཁང་དུ་ཁམས་ཕྱོགས་ཀྱི་བླ་སྤྲུལ་གང་མང་ཞིག་བཞུགས་ཡོད་པ་དང། གཙོ་ཆེ་ཤོས་སེ་ར་ཡང་སྤྲུལ་རིན་པོ་ཆེ་ཡང་ཁོང་དང་བཙོན་ཁང་གཅིག་ཏུ་བཞུགས་ཡོད་པས། དུས་རྒྱུན་ཟབ་གསང་གི་ཉམས་ལེན་མང་པོ་མནོག་ཆོས་སུ་ཐོབ་པ་དང། སྐབས་དེར་སྐུ་ཚེགས་སྐུ་ངལ་དང་མནར་གཅོད་སྣ་ཚོགས་མྱོང་དགོས་བྱུང་ཡང། བདེ་སྡུག་གཏོང་ལེན་དང། རྐྱེན་ངན་དགེ་བའི་སྐུལ་མ་རུ་གཟིགས་ནས་ཉམས་བཞེས་གཙོ་བོ་མཛད་ནས་བཞུགས་པས། ཁོང་གིས་ཉམས་ལེན་གྱི་གཙོ་བོ་བཙོན་ཁང་ནས་བྱེད་ཐུབ་པ་བྱུང་སོང་ཞེས་ཞལ་སློབ་འབྲེལ་ཡོད་རྣམས་ལ་ཞོར་འཕྲོས་སུ་གསུངས་འདུག

རྒྱ་གཞུང་གི་སྲིད་བྱུས་ཅུང་གུ་ཡངས་སུ་བཏང་བའི་སྐབས་སུ་རྗེ་འདི་ཉིད་ཀྱང་བཙོན་གྲོལ་ཐོབ་པ་དང། ཁོང་ནི་མི་མང་གིས་དད་གུས་ཆེན་པོ་ཞུ་ཡུལ་གྱི་བླ་ཆེན་ཞིག་ཡིན་པ་མ་ཟད། འཁྲུངས་ཡུལ་འབྲས་མོ་ལྗོངས་སུ་ཡིན་སྟབས་རྒྱ་གཞུང་གིས་དཀར་མཛེས་ཁུལ་ཆབ་སྲིད་གྲོས་མོལ་ཁང་དུ་ཕྱག་ལས་གོ་སྒྲིག་ཞུས་པ་བཞིན། ཁོང་གིས་ཀྱང་དེ་འབྲེལ་བོད་རྒྱལ་བསྟན་རིག་གཞུང་སླར་གསོ་དང་འབྲེལ་བའི་ལས་དོན་ཐོག་ལ་ཕྱག་ལས་གནང་། བཙོན་གྲོལ་ཐོབ་རྗེས་རྒྱུན་རིང་བོད་དུ་མ་བཞུགས་པར་རྗེ་འདི་ཉིད་ཀྱི་འཁྲུངས་ཡུལ་དུ་ཞབས་སོར་འཁོད་ཅིང་། རྒྱ་བལ་འབྲུག་གསུམ་ཁུལ་དང་། ཕྱི་རྒྱལ་གྱི་ཡུལ་གྲུ་དུ་མར་ཞབས་སོར་འཁོད་ནས་ཞལ་སློབ་མང་པོ་རྗེས་སུ་བཟུང་། རྗེ་འདིའི་སྐྱོང་ཡུལ་མདོ་མང་དགོན་གྱི་ཚོགས་ཆེན་འདུ་ཁང་རྟེན་དང་བརྟེན་པ་སོགས་གསར་བཞེངས་གནང་བ་དང། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་སྒོ་ཐོག་མ་ཕྱེ་བའི་སྐབས་སུ་རྒྱལ་བ་ལྷ་བཙུན་ཆེན་པོ་དང། མངའ་བདག་སེམས་དཔའ་ཆེན་པོ། ཀཿཐོག་ཀུན་ཏུ་བཟང་པོ་བཅས་མཉམ་དུ་ཕེབས་ཡོད་པ་དང། དེའི་ནང་ནས་མངའ་བདག་སེམས་དཔའ་ཆེན་པོའི་གདན་ས་ཕོ་བྲང་དམར་པོ་རུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་གསར་བཞེངས་དང་འབྲེལ་མངའ་བདག་བྱང་ཆུབ་ཆོས་གླིང་ཞེས་མཚན་གསོལ། དེ་བཞིན་ཀཿཐོག་ཀུན་ཏུ་བཟང་པོའི་གདན་ས་མཎྜལ་སྒང་ཀཿཐོག་དགོན་དུ་གུ་རུ་རིན་པོ་ཆེའི་ལྷ་ཁང་གསར་བཞེངས་དང་ཡུག་གསུམ་གྲོང་དཀྱིལ་དུ་འཛམ་གླིང་དུ་དཀོན་པའི་ཟངས་གསེར་ལས་གྲུབ་པའི་དུང་འཁོར་ཆེན་པོ་བཅོ་བརྒྱད་གསར་བཞེངས་གནང་བས་མཚོན། རྒྱལ་བསྟན་སླར་གསོ་དང་འབྲེལ་བའི་ཕྱག་ལས་རླབས་ཆེན་མང་པོ་མཛད་ནས་མཐར་དགུང་གྲངས་ ༨༨ ཕེབས་པ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༥ ཉིན་སྐུ་ཞི་བར་གཤེགས་ཡོད་པ་བཅས།།