༄༅། །བོད་མི་རིགས་ཀྱི་དཔའ་བོ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མྱ་ངན་ཐུགས་གསོའི་འཚམས་འཕྲིན།

ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༠ ཉིན་བོད་མི་རིགས་ཀྱི་དཔའ་བོ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་དགུང་གྲངས་ ༩༢ ཐོག་རྒྱ་ནག་པེ་ཅིང་འཕྲོད་བསྟེན་སྨན་ཁང་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དམ་པ་ཁོང་ནི། ཕྱི་ལོ་ ༡༩༢༢ ལོར་བོད་ཤར་ཕྱོགས་ཁམས་འབའ་ཐང་དུ་སྐུ་འཁྲུངས་པ་དང་། རང་ལོ་བདུན་གྱི་ཐོག་སློབ་གྲྭར་བསྐྱོད་པ་ནས་བཟུང་། རིམ་གྱིས་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་དེང་རབས་ཀྱི་ཤེས་ཡོན་ལ་སྦྱངས་པ་དཔྱིས་ཕྱིན་གནང་ཡོད། དེ་རྗེས་བོད་མི་རིགས་ཀྱི་ངོ་བོ་དང་འདུ་ཤེས་མ་དོར་བའི་ཐོག་ནས། བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་སྒྱུར་བཅོས་ཀྱི་ཆེད་དུ། ལྷག་བསམ་རྣམ་དག་གི་ཐོག་ནས་གུང་ཁྲན་རིང་ལུགས་པ་ཚད་ལྡན་ཞིག་བྱས་ཏེ་ཕྱག་ལས་མང་པོ་གནང་བ་མ་ཚད། bapa1ཕྱི་ལོ་༡༩༥༡ ལོ་ཟླ་ ༤ བར་ང་ཕོད་ངག་དབང་འཇིགས་མེད་དང་མཉམ་དུ་པེ་ཅིང་དུ་སྐབས་དེའི་བོད་གཞུང་བཀའ་ཤག་དང་རྒྱ་གཞུང་གཉིས་དབར་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་སྐད་སྒྱུར་གྱི་ཕྱག་ལས་གནང་བ་དང་། ཕྱི་ལོ་ ༡༩༥༤ ནས་ ༡༩༥༥ ལོར་༧གོང་ས་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་གིས་གཙོས་གྲོང་ཁྱེར་ཁག་ཏུ་ཕེབས་སྐྱོད་སྐབས་དང། མའོ་ཙེ་ཏུང་དང་མཇལ་འཕྲད་ཐེངས་མང་གནང་སྐབས་ཕན་ཐོགས་ཆེ་བའི་གསུང་སྒྱུར་གྱི་ཕྱག་ལས་གནང་ཡོད།

དམ་པ་ཁོང་གིས་བོད་མི་རིགས་ཀྱི་འདུ་ཤེས་གཙིགས་ཆེར་བཟུང་སྟེ། གུང་ཁྲན་རིང་ལུགས་པ་ཚད་ལྡན་ཞིག་གནང་བར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་བོད་རིགས་ས་གནས་རིང་ལུགས་པ་དང། གསར་བརྗེ་ངོ་ལོག་པའི་ཞྭ་མོ་གཡོགས་ཏེ། མི་ལོ་ ༡༨ རིང་བཙོན་ཁང་ནས་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད། ཕྱི་ལོ་ ༡༩༧༨ ལོར་བཙོན་གྲོལ་ཐོབ་ནས་ཡུན་རིང་མ་སོང་བར་༧གོང་ས་མཆོག་གི་སྐུ་ཚབ་བོད་དུ་ཕེབས་མཁན་རིམ་པར་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་སུ་མི་རིགས་འདྲ་མཉམ་རྩོད་ལེན་ཆེད་འདྲ་མཉམ་དང་མཐུན་སྒྲིལ་གཉིས་རྒྱུ་དང་འབྲས་བུའི་འབྲེལ་བ་ཡིན་པ་སྟེ། མི་རིགས་འདྲ་མཉམ་མེད་ན་མི་རིགས་མཐུན་སྒྲིལ་ཡོང་མི་སྲིད་པའི་རྩོད་པ་རྣོ་ངར་ཆེ་བ་ཞིག་བྱུང་མྱོང་ཡོད།

དམ་པ་ཁོང་བགྲེས་ཡོལ་དུ་ཕེབས་རྗེས་ཀྱང་རྒྱ་ནག་གི་དཔོན་རིགས་ཁག་ལ་༧གོང་ས་མཆོག་དང་མཉམ་དུ་བོད་རྒྱ་འབྲེལ་མོལ་དོན་ཕན་སོན་པ་གནང་དགོས་སྐོར་གྱི་ཞུ་སྐུལ་རིམ་པ་ཕུལ་ཡོད་ལ། ད་དུང་ཁོང་གིས་ << རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག >> ཅེས་པའི་གསུང་རྩོམ་དེའི་ནང་གྲངས་ཉུང་མི་རིགས་དང་བོད་མི་རིགས་ཀྱི་གནད་དོན་ཁག་འབུར་དོད་གནང་ཡོད་པ་སོགས། མདོར་ན། དམ་པ་ཁོང་ནི་ཤེས་འཇོན་ལྷག་བསམ་ལྡན་ཞིང། དྲང་བོ་དྲང་བཞག་གིས་བཤད་ཕོད་པ་དང་སྒྲུབ་ཕོད་པའི་བོད་མི་རིགས་ཀྱི་དཔའ་བོ་ཞིག་དང་། སྐུ་ཚེ་གང་པོར་བོད་ཀྱི་གནད་དོན་ལ་སྐུ་ངལ་སྐྱོན་མཁན་གྱི་ང་ཚོར་ལོ་རྒྱུས་ཀྱི་གལ་གནད་ཆེ་བའི་བློས་ཐུབ་གྲོགས་པོ་ཞིག་མེད་པ་ཆགས་པར་་བློ་ཕམ་དང་བཅས་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་མྱ་ངན་ཐུགས་གསོ་དང་འབྲེལ། དམ་པ་ཁོང་གི་བྱས་བསགས་སྡིག་ལྟུང་རྣམས་དག་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༡ ཉིན།