༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གི་སྲིད་འཛིན་ལ་འཕྲལ་དུ་ལག་ལེན་བསྟར་དགོས་པའི་རེ་འདུན་བཞི་ལྡན་གྱི་གསར་འགོད་གསལ་བསྒྲགས་གནང་བ།

 

\

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་གྲངས་ ༢༠ བརྒལ་བ་ཕེབས་འཛོམས་ཡོད་པའི་གསར་འགོད་ལྷན་ཚོགས་བསྐྱངས་པའི་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་འཕྲལ་དུ་ལག་ལེན་བསྟར་དགོས་པའི་རེ་འདུན་བཞི་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དེ་རིང་གསར་འགོད་ལྷན་ཚོགས་བྱ་རྒྱུ་འདི་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བཀའ་མོལ་བྱུང་བ་ལྟར་གནང་བ་ཞིག་ཡིན་། རྩ་བའི་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཅིག་སླེབས་སྐབས་སུ་མི་མང་གིས་དགའ་བསུ་དང་སྣེ་ལེན་བྱེད་དགོས་པའི་གནས་སྟངས་ཤིག་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་ཀྱི་དབང་གིས་དེ་ལྟར་ཡོང་ཐབས་མེད་པ་ཞིག་ཆགས་ཡོད། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་བྷི་རིག་(BRICS)ཚོང་དོན་ལྷན་ཚོགས་སུ་ཡོང་བའི་དུས་སྐབས་འདིར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བྷི་རིག་ཚོང་དོན་ལྷན་ཚོགས་ཁུངས་སུ་ཡོད་པའི་རྒྱལ་ཁབ་བྷར་སིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག  ལྷོ་ཨ་ཕི་རི་ཀ བཅས་ཚང་མའི་འཐུས་མི་རྣམས་ལ་དྲན་བསྐུལ་ཞུ་རྒྱུར། ད་ལྟ་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། བོད་མི་ཞི་རྒོལ་བ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད། ད་བར་བོད་ནང་དུ་བོད་མི་སུམ་ཅུས་རང་ལུས་མེར་སྲེག་བཏང་བའི་ཁྲོད་ནས་བོད་མི་ ༢༢ འདས་གྲོངས་སུ་གྱུར་ཡོད། དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་དུ་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་བཏང་ཁོངས་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ཕྱི་ཚེས་ ༢༦ ཉིན་རང་ལུས་མེར་སྲེག་བཏང་རྗེས་དེ་རིང་སྔ་དྲོ་ལྡི་ལིར་འདས་གྲོངས་སུ་གྱུར་འདུག དེ་བཞིན་བོད་ནང་དུ་རྒྱ་མིས་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་བརྒྱད་དམར་གསོད་བཏང་ཡོད། དེར་བརྟེན་བྷི་རིག་ཚོང་དོན་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམ་པས་སི་རི་ཡ་དང་ཨི་རན་གྱི་གནད་དོན་དང་ལྷན་བོད་ཀྱི་གནད་དོན་ཡང་ངེས་པར་དུ་གླེང་སློང་གནང་རོགས་ཞེས་ང་ཚོས་འབོད་བསྐུལ་ཞུ་རྒྱུ་ཡིན།

དེ་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་འབྱོར་བའི་སྐབས་འདིར་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མི་ཚོར་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༥༣ འཁོར་བའི་དུས་ཆེན་ཟེར་བ་ཞིག་བཙན་དབང་འོག་སྲུང་བརྩི་ཞུ་བཞིན་ཡོད། བཅིངས་འགྲོལ་ཟེར་བ་དེས་བོད་མིའི་བྱུང་རབས་ཁྲོད་ཆེས་མུན་ནག་གི་དུས་སྐབས་ཤིག་ཆགས་ཡོད། དེར་བརྟེན་ང་ཚོས་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པ་མ་ཟད། སྲིད་བྱུས་དེའི་འོག་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་གདུག་རྩུབ་ཚད་ལས་བརྒལ་བ་མྱངས་ཡོད་པ་དེ་ཡང་བརྗེད་ཐབས་མེད།
བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་སྤེལ་དགོས་ཐུག་པ་ནི་འདས་པའི་ལོ་ངོ་ ༦༠ རིང་ལ་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་དེས་ཡིན། ལྷག་པར་དུ་ཕྱི་ལོ་ ༡༩༨༩ ལོར་བོད་ནང་དུ་དམག་ཁྲིམས་(Martial Law)ལག་བསྟར་བྱས་པའི་འགན་འཁྲི་གཙོ་བོ་དེ་སྐབས་དེར་བོད་ནང་དུ་རྒྱ་ནག་གུང་ཁྲན་ཏང་གི་དྲུང་ཆེ་ཧུའུ་ཅིན་ཐའོ་ལ་ཡོད། དེ་རྗེས་ཕྱི་ལོ་ ༡༩༩༥ ནས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ལངས་ཕྱོགས་མཁྲེགས་སུ་བཏང་བ་མ་ཟད། ལྷག་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་སྲིད་བྱུས་སྔར་ལས་ཤུགས་ཆེ་རུ་བཏང་ཡོད།

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོའི་སྲིད་དབང་འོག་འདས་པའི་ལོ་ ༩ རིང་བོད་ཀྱི་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་པ་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་ཁག་ཏུ་ཞི་རྒོལ་དང་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཞན་དུ་ཟིང་འཁྲུག་བྱུང་བ་དེ་དག་ལས་ར་ཁྲོད་ཐུབ། རྒྱ་མི་ས་གནས་ཉེན་རྟོག་མི་སྣས་བོད་མིའི་ཐོག་གདུག་རྩུབ་ཆེ་བའི་དྲག་གནོན་ཇི་ལྟར་བྱས་ཀྱང་པེ་ཅིང་གཞུང་གིས་རྒྱབ་སྐྱོར་ཡོད་བསམ་པའི་གདེང་སྤོབས་ཐོག བོད་མི་ཚོའི་མངོན་འདོད་ལ་བསམ་ཤེས་སྤུ་ཙམ་མེད་པར་ཐབས་ལམ་འདྲ་མིན་ཐོག་ནས་དྲག་གནོན་བྱས་དང་བྱེད་མུས་ཡིན།

རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་དཀའ་སེལ་ཆེད་དོན་ཕན་ལྡན་པའི་གྲོས་མོལ་བྱ་རྒྱུ་དང་བོད་མི་ཚོའི་མངོན་འདོད་ལ་བསམ་ཤེས་བྱ་རྒྱུའི་ཚབ་ཏུ། ༸གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་བརྒྱུད་བསྐུལ་བྱས་རྐྱེན་དོན་རྐྱེན་དེ་རིགས་འབྱུང་བཞིན་ཡོད་པའི་སྐྱོན་འཛུགས་བྱེད་བཞིན་ཡོད། དོན་དངོས་ནི་རྒྱ་ནག་དཔོན་རིགས་ཚོར་བོད་ཀྱི་གནད་དོན་སེལ་རྒྱུའི་ཆབ་སྲིད་ཀྱི་ཆོད་སེམས་དང་བློ་ཁོག་གཉིས་ཀའི་མ་འདེང་བ་ཞིག་ཆགས་ཡོད། དེར་བརྟེན་ཁོང་ཚོས་དུས་རྟག་ཏུ་བོད་ནང་གི་ཞི་རྒོལ་དང་བཙན་བྱོལ་བོད་མི། དེ་བཞིན་ནུབ་ཕྱོགས་ཤོག་ཁག་བཅས་ནི་རྒྱལ་ཁབ་ཁ་བྲལ་གྱི་དགྲ་བོ་ཡིན་ཞེས་སྙོན་འཛུགས་བྱེད་བཞིན་ཡོད། ང་ཚོ་རྡ་རམ་ས་ལར་ཕྱི་གསལ་ནང་གསལ་གྱི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་པ་མ་ཟད། དུས་རྟག་ཏུ་རྒྱ་ནག་གཞུང་གི་མི་སྣ་མགྲོན་འབོད་ཞུས་ཏེ་ང་ཚོའི་ཡིག་ཆ་རྣམས་སྦ་གསང་མེད་པར་བཏོན་རྒྱུར་གྲ་སྒྲིག་ཨང་བསར་ཡོད།  ད་རེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་མཆོག་ལ་ང་ཚོས་རེ་འདུན་ཁག་བཞི་འཕྲལ་དུ་ལག་བསྟར་གནང་རོགས་ཞུ་རྒྱུ་གཤམ་གསལ།

  • ༡༽     རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་བོད་ནང་འགྲོ་ཆོག་པ་དེ་གལ་ཆེ་ཤོས་ཤིག་ཆགས་བཞིན་འདུག ནིའུ་ཡོཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱལ་ཚོགས་ནས་བོད་ནང་རྟོག་ཞིབ་ཏུ་ཕེབས་རྒྱུའི་སྐོར་ཕྱག་བྲིས་ཤིག་གནང་ཡོད། འོན་ཀྱང་རྒྱལ་ཚོགས་ཀྱིས་བོད་ནང་རྟོག་ཞིབ་གནང་རྒྱུའི་ཐུགས་འདོད་ཇི་ཙམ་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་མ་བྱས་ཚེ་ཕེབས་ཐུབ་ཐབས་མེད་པ་གསལ་པོ་རེད། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་མཆོག་གིས་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་ཆུང་དང་དེ་མིན་གྱི་རང་དབང་ཅན་གྱི་གསར་འགོད་པ་བོད་ནང་འགྲོ་བསྐྱོད་ཆོག་པ་བཟོ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།
  • ༢༽     བོད་ནང་རང་ལུས་མེར་སྲེག་གཏོང་མཁན་དང་ཞི་རྒོལ་གནང་མཁན་བོད་མི་ཚོས་དགོས་འདུན་བཏོན་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས།
  • ༣༽     ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་རྒྱུའི་ཆེད་བོད་ནང་དྲག་པོའི་དམག་མི་ཕོན་ཆེ་བཏང་ཡོད་པ་དེ་དག་ཕྱིར་འཐེན་དགོས་པ་དང་། བོད་མི་ཚོས་འདོད་བློ་མ་ཁེངས་པའི་གནས་སྟངས་གང་ཆགས་ཀྱི་ཡོད་པ་དེ་དག་ལ་ཞིབ་འཇུག་བྱས་ཏེ་རང་དབང་གང་ཙམ་ཞིག་འཕྲལ་དུ་སྤྲོད་དགོས།
  • ༤༽    བོད་ཀྱི་དཀའ་རྙོག་དེ་བཞིན་ཕུག་རྒྱང་རིང་པོའི་ཐོག་ནས་སེལ་ཐུབ་རྒྱུའི་ཆེད་༸གོང་མཆོག་གི་སྐུ་ཚབ་བམ་ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་འཕྲལ་དུ་མིང་དོན་མཚུངས་པའི་བོད་རྒྱ་འབྲེལ་མོལ་འགོ་འཛུགས་བྱེད་དགོས་པ་བཅས།
    གོང་གསལ་རེ་འདུན་བཞི་པོ་འདི་བཞིན་རྒྱ་ནག་གི་སྲིད་འཛིན་དེ་ཉིན་རྒྱ་གར་དུ་སླེབས་ཡོད་པར་སོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གསར་འགོད་གསལ་བསྒྲགས་ཞུ་རྒྱུ་བཅས།།