༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པ།

2015,12,16,bདཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ལོ་༢༠༡༥ཟླ་༡༢ཚེས་༡༦ཉིན་སྔ་དྲོ་ཚོུད་༥:༣༠ཐོག་རྡ་ས་ནས་རྡོག་ཐོན་གནང་སྟེ་ལྡི་ལིར་ཕེབས་།ཚོུད་༣:༣༠ཐོག་ལྡི་ལི་ནས་གནམ་ཐོག་ཕེབས་ཐོན་གྱིས་དགོང་དྲོ་ཚོུད་༦:༡༠ཐོག་སྦེང་ལོར་དུ་ཕེབས་འབྱོར་བྱུང་མ་ཐགལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་ཆོས་འཕེལ་ཐུབ་བསྟན་ལགས་ནས་ཕེབས་བསུ་བྱུང་ཞིང།དེ་དགོང་རང་སྦེང་ལོར་ནས་ཐོན་གནང་གིས་ཕྱི་ཚེས་༡༧ཐོ་རེངས་ཚོུད་༢:༠༠པའི་ཐོག་སྦེལ་ཀོབ་ཏུ་ཕེབས་འབྱོར་གྱིས་དེ་ཉིན་སེམས་དང་སྲོག་གི་ཚོགས་འདུའི་མཇུག་བསྡོམས་སུ་མཉམ་བཞུགས་གནང་ཡོད།ཚེས་༡༨སྔ་དྲོ་ཚོུད་༨:༣༠ཐོག་སེ་ར་བླ་སྤྱིར་སྦེལ་ཀོབ་སེར་སྐྱ་མང་ཚོགས་ནས་བརྟན་ཞུགས་བསྟར་འབུལ་དང་།སྨོན་ལམ་ཚིག་མཛོད་ཆེན་པོའི་དབུ་འབྱེད་ཀྱི་མཛད་སྒོར་ཚོགས་གཙོ་མཆོག་བཅར།དེ་ཉིན་དགོང་དྲོ་ཚོུད་༦པའི་ཐོག་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་རྣམས་ནས་གངས་ཅན་བོད་ཀྱི་ཨ་མ་ལགས་ཞེས་བོད་ཕྲུག་ཡོངས་ལ་གཅེས་པར་འཛིིན་མཁན་གྱི་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་ཐོག་ནས་གཟེངས་བསྟོད་གསོལ་སྟོན་སྐབས་སུ་ཚོགས་གཙོ་མཆོག་ཕེབས་བཅར་གནང་ཡོད།ཕྱི་ཉིན་ཚེས་༡༩སྔ་དྲོ་ཆོས་གྲྭ་ཆེན་པོ་བཀྲིས་ལྷུན་པོའི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་དབུ་བཞུགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུངས་དོན།ད་རིང་ཆོས་གྲྭ་ཆེན་པོ་བཀྲིས་ལྷུན་པོའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་དང་བསྟུན་འདུ་ཁང་གསར་བཞེངས་ཀྱི་ལས་དོན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།གོ་སྐབས་འདི་དང་བསྟུན་ང་ཚོས་ཀུན་གཟིགས་པན་ཆེན་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གོ་སྐབས་ཆགས་ཡོད་།ལྷག་པར་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་ཀྱི་ལོ་རྒྱུས་ཐོག་ཉག་ཕྲ་བའི་དུས་སྐབས་སུ་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་ནང་ནས་༸རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་༸ཞབས་སོར་འཁོད་ཐུབ་ཡོད་ཀྱང་།ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་བོད་ནང་བཞུགས་ནས་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱིས་གཞིས་བྱེས་གཉིས་སུ་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད།ལྷག་པར་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལྟ་བུར་མཚོན་ན་།དུས་ཚོད་ཧ་ཅང་གཉན་འཕྲང་ཆེ་བའི་སྐབས་དཀའ་སྡུག་ཚད་མེད་མྱངས་དགོས་ཐུག་ཀྱང་ངལ་བ་ཁྱད་བསད་ཐོག་སྐུ་ལས་བསྐྱོན་ཡོད།ལྷག་པར་ཁོང་གི་དགོངས་པ་བཞེས་ཕྱོགས་སོགས་གང་ཅིའི་ཐད་ཁ་རི་ཁ་ཐུག་གིས་ཞལ་གསང་པོ་དང་།དངོས་ཡོད་གནས་སྟངས་གང་ཡིན་པ་གསལ་བཏོན་གནང་དགོས་བྱུང་བའི་གནས་སྟངས་ཤིག་གི་འོག་ནས་ཕྱི་ལོ་༡༩༥༠ནས་༡༩༦༠ལོའི་བར་བོད་ཀྱི་ས་ཁུལ་མང་དག་ཅིག་གི་ནང་གཟིགས་སྐོར་ཕེབས་ཏེ་དངོས་ཡོད་གནས་སྟངས་དེ་དག་མཁྱེན་པའི་ཐོག་ནས་ཕྱིས་སུ་ཡིག་འབྲུ་ཁྲི་བདུན་ཞེས་པའི་སྙན་ཞུ་དེ་ཕུལ་བའི་རྗེས་བཙོན་ཁང་ནང་ལོ་མང་བཞུགས་དགོས་བྱུང་ཡོད།བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་དེང་སྐབས་བོད་ནང་དུ་ད་ལྟ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གང་ཅིའི་ཐོག་གཟེངས་སུ་ཐོན་པའི་འགྲུབ་འབྲས་ཡོང་བཞིན་པ་དེ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་སྐུ་ལས་བསྐྱོན་ནས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད།ང་དང་ང་ལྟ་བུའི་བཙན་བྱོལ་ནང་སྐྱེས་ཚར་བྱུང་བའི་བོད་མིའི་ཁྲོད་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དེ་ཙམ་གྱི་དོ་སྣང་དང་ཡར་རྒྱས་གཏོང་རྒྱུའི་འགན་འཁྱེར་ཐུབ་མེད་ཀྱང་།ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་ནང་བོད་པའི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུས་མཚོན་བོད་ཀྱི་ཆོས་དང་རིག་གཞུང་སུང་སྐྱོབ་བྱེད་ཆེད་ཧང་སང་དགོས་པའི་སྐུ་ལས་བསྐྱོན་ཡོད།དེའི་འགྲུབ་འབྲས་དུས་ད་ལྟའང་ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དངོས་སུ་མཐོང་རྒྱུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད།དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་ན་རིམ་དང་།ལྷག་པར་པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་དང་ཡིད་རང་བསྔགས་བརྗོད་ཞུ་རྒྱུའི་གོ་སྐབས་ཤིག་ཆགས་ཡོད།དོན་ཚན་གཉིས་པ།༧གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གིས་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་ངོས་འཛིན་མཛད་པ་ནས་བཟུང་རྒྱ་ནག་གིས་བཙན་ཁྲིད་འོག་ད་ཆ་ཁོང་གར་སོང་ཆ་མེད་ཀྱི་གནས་སུ་གྱུར་ཡོད།རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་དེའི་སྐོར་གནས་ཚུལ་གསལ་པོ་ཞིག་རྩ་བ་ནས་བཤད་ཀྱི་མེད།ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་ཀྱང་ང་ཚོས་ཤེས་ཀྱི་མེད།འདི་ལོའི་ཕྱི་ཟླ་༩པའི་ནང་རྒྱ་ནག་གཞུང་གིས་དྲ་ལམ་ཞིག་གི་ནང་དུ་ཁོང་སྐུ་གཟུགས་བདེ་པོ་ཡིན་པ་དང་ཕྱི་ཕྱོགས་ནས་ཁོང་ལ་བསུན་པོ་མི་བཟོ་རྒྱུའི་གནས་སྟངས་ཤིག་འགྲེལ་བརྗོད་བྱས་ཡོད།དོན་དམ་གྱི་གནས་ཚུལ་གང་ཡིན་མིན་ང་ཚོས་ཤེས་ཀྱི་མེད།དེ་རིང་གོ་སྐབས་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཆེད་ང་ཚོས་ད་བར་འབད་བརྩོན་གནང་བ་བཞིན་མ་འོངས་པར་ཡང་མུ་མཐུད་ནས་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་བཞིན་ཡོད།ཉེ་བའི་ཆར་ཡང་རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་པན་ཆེན་དེས་སྐུ་མདུན་ལ་མཚན་སྨད་ཞུ་རྒྱུའི་གནས་ཚུལ་དེ་འདྲ་ཐོན་བཞིན་ཡོད།གང་ལྟར་དོན་དམ་པའི་ཐོག་ནས་བླ་སྤྲུལ་ངོས་འཛིན་བྱེད་རྒྱུ་དེ་དམར་པོའི་གཞུང་ཆོས་ལ་ཡིད་ཆེས་མི་བྱེད་མཁན་རྒྱ་ནག་གུང་ཁྲན་ཏང་གིས་ཆོས་དེ་ཆབ་སྲིད་ཀྱི་ལག་ཆར་བཀོལ་ནས་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད།2015,12,16,aསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་གནས་སྟངས་འོག་ནས་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཁྲོད་༸རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་སྐོར་ཐེ་བྱུས་བྱེད་རྒྱུའི་གནས་སྟངས་ཤུགས་ཆེན་པོ་ཞིག་ཡོང་བཞིན་འདུགདེར་བརྟེན་ང་ཚོའི་ངོས་ནས་དེའི་ཐོག་བསམ་བློ་ནན་ཏན་དང་དོ་སྣང་ཤུགས་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད།དེ་མིན་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་མི་འབོར་སྤོ་ཤུགས་བྱེད་རྒྱུ་དང་།འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་བའི་ཐོག་ནས་བོད་མི་རིགས་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འགྲོ་མུས་རེད།དེ་ལྟ་བུའི་དངོས་ཡོད་གནས་སྟངས་ཤིག་གི་འོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པ་དང་།མང་ཚོགས་ཀྱི་ངོས་ནས་དེར་རྒྱབ་སྐྱོར་ཞུས་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དེར་ང་རང་ཚོའི་སྤྱི་ཚོགས་ནང་སྐབས་རེ་འགྲིག་མ་འགྲིག་གི་གནས་སྟངས་ཤོད་མཁན་དེ་འདྲ་ཡོང་བཞིན་ཡོད།འདི་ལྟར་ཤོད་མཁན་ཚོ་ཤེས་བྱ་ཡོན་ཏན་ཡོད་ཟེར་མཁན་ཚོས་བཤད་ཀྱི་ཡོད།དེར་བརྟེན་དེ་ཚོའི་གྲས་སོ་སོས་བསམ་བློ་ཡག་པོ་གཏོང་དགོས་ཀྱི་འདུག་མ་གཏོགས་།སོ་སོས་བསམ་བློ་གང་དྲན་དང་།ཁ་ནས་གང་ཐོན་བཤད་ན་དངོས་ཡོད་གནས་སྟངས་དང་མ་འཚམས་པ་ཆགས་བཞིན་ཡོད།དེར་བརྟེན་ང་རང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་དགོངས་པའི་དཔྱད་གཞིར་འཇོག་དགོས་པ་ཞིག་དང་དགོངས་པ་བཞེས་ཕྱོགས་ཀྱི་ཐོག་བསམ་བློ་ནན་པོ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད།ངས་རིང་པོ་བཤད་མི་དགོས་པར་ད་ལྟ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞལ་བཞུགས་པའི་སྐབས་ང་རང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཆགས་ཀྱི་འདུགསྐབས་རེ་བསམ་བློ་གཏོང་དུས་འཇིགས་སྣང་ཡོང་གི་འདུག༸རྒྱལ་བ་རིན་པོ་ཆེ་མཆོག་༸ཞལ་བཞུགས་པའི་སྐབས་ང་ཚོའི་སྤྱི་ཚོགས་འདི་ཧ་ཅང་འཁྲུག་པོ་ཆགས་སྡོད་ཀྱི་ཡོད་ན་།གལ་ཏེ་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མ་མཛད་པ་ཡིན་ན་སྐབས་དེར་ང་ཚོའི་སྤྱི་ཚོགས་འདི་གང་འདྲ་ཞིག་ཆགས་རྒྱུ་རེད་དམ་།ད་ལྟ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་ཡོང་དགོས་པའི་གནས་ཚུལ་མང་པོ་ཞིག་ང་ཚོས་བཟོ་བཞིན་ཡོད།དེ་ལྟར་མི་ཡོང་བ་ང་ཚོས་དམ་བཅའ་བརྟན་པོ་ཞིག་འཛིན་དགོས་པ་འདུག་བསམ་པ་དྲན་གྱི་འདུགཁ་ནས་བཤད་སྐབས་ང་ཚོས་ཆིག་སྒྲིལ་དང་།༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་དགོས་སྐོར་བཤད་བཞིན་ཡོད་ཀྱང་།དངོས་སུ་ལས་ཀ་བྱེད་སྐབས་དེ་ལས་ལྡོག་སྟེ་བྱེད་མཁན་མང་པོ་ཞིག་ཡོང་གི་འདུགད་ལྟ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར་།སྤྱི་ཚོགས་ཀྱི་དྲ་ལམ་ཐོག་རང་དབང་དང་ཐོབ་ཐང་སྐོར་མང་པོ་ཞིག་བཤད་ནས་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་རྒྱུ་དང་།སྤྱི་ཚོགས་ནང་མི་མཐུན་པ་བཟོ་རྒྱུའི་ལས་གཞི་མང་པོ་ཞིག་སྤེལ་བཞིན་ཡོད།སྐབས་ཤིག་ལ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་འགྲིག་མ་འགྲིག་གི་གནས་སྟངས་དེ་ཁ་ནས་བཤད་རྒྱུ་ཕར་བཞག་བསམ་བློའི་ནང་དུའང་འཆར་མཁན་མེད་ཀྱང་།དེང་སྐབས་དངོས་སུ་མར་ཐོན་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་འགྲིག་མེད་སྐོར་འཛེམས་ཟོན་མེད་པར་བཤད་ཀྱི་འདུགཧང་སང་དགོས་པའི་གནས་ཚུལ་འདི་འདྲ་ཡོང་བཞིན་འདུགདེར་བརྟེན་།ང་ཚོ་ཚང་མས་གོ་སྐབས་འདི་བཟུང་ནས་དམ་བཅའ་བརྟན་པོ་འཇོག་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག༸སྐུ་མདུན་གྱི་དགོངས་པ་གང་ཡིན་པ་དེ་སྒྲུབ་མ་ཐུབ་ནའང་དེར་འགོག་རྐྱེན་བཟོ་རྒྱུ་མེད།བྱུང་ན་སྐུ་མདུན་གྱི་དགོངས་པ་བསྒྲུབ་རྒྱུར་འབད་བརྩོན་བྱེད་དགོས།དེ་ལྟར་མིན་པར་ང་ཚོའི་སྤྱི་ཚོགས་ནང་དཀྲུག་ཤིང་རྒྱག་རྒྱུ་དང་མི་མཐུན་པའི་རྒྱུ་མང་པོ་ཞིག་བཟོ་བཞིན་ཡོད་པ་དེར་བསམ་བློ་ཞིག་གཏོང་སྐབས།ང་ཚོ་ཚང་མའི་སྤྱི་མཐུན་གྱི་བསོད་ནམས་དེ་ད་ཆ་ཟད་འགྲོ་ཡི་མེད་དམ་སྙམ་པའི་གནས་སྟངས་དེ་འདྲ་ཡོང་གི་འདུགདེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ནན་ཏན་བརྗོད་རྒྱུ་ཡིན་།མཐའ་མ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བསྐྱར་བསྟན་པ་དང་།༸རྒྱལ་བ་ཡབ་སྲས་རྣམ་གཉིས་མགྱོགས་ནས་མྱུར་དུ་༸ཞལ་འཛོམས་ཡོང་བའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན།༸རྒྱལ་བ་ཡབ་སྲས་རྣམ་གཉིས་༸ཞལ་འཛོམས་བྱུང་བའི་ཉིན་མོ་དེར་གཞིས་བྱེས་གཉིས་ཕྱོགས་གཅིག་ཏུ་སྒྲིལ་རྒྱུའི་གོ་སྐབས་ཤིག་ཡོང་རྒྱུ་རེད།དེ་ལྟར་ཡོང་ཆེད་ང་ཚོ་ཚང་མས་ཁ་ནས་བཤད་པ་ཙམ་མ་ཟད་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིིན་།དེ་ལྟར་གནང་རོགས་གནང་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་ནས་།ཉིན་རྒྱབ་ཚད་མ་རྣམ་འགྲེལ་དང་ཚད་མ་ཀུན་བཏུས་གསུང་ཆོས་སུ་ཞུགས་པ་དང།དགོང་དྲོ་ཚོུད་༧:༠༠པར་སེར་བྱེས་འཛིན་གྲྭ་༩དང་༡༠པའི་སློབ་མ་རྣམ་པའི་ཚན་རིག་འགྲེམས་སྟོན་ལ་གཟིགས་པར་ཕེབས།ཕྱི་ཉིན་ཚེས་༢༠སྔ་དྲོ་ཚོུད་༡༡ཐོག་སྦེང་ལོར་ལ་ཕེབས་ཐོན་གྱིས་དེར་དགོང་ཞག་བཞུགས་ཤིང་།ཚེས་༢༡ཕྱི་དྲོ་ཚོུད་༥:༥༠ཐོག་སྦེང་ལོར་ནས་གནམ་ཐོག་ཕེབས་ཐོན་གྱིས་ལྡི་ལིར་ཕེབས་འབྱོར།དེ་རྗེས་ཚེས་༢༢ཉིན་རྒྱབ་ལྡི་ལི་ནས་གནམ་ཐོག་ཕེབས་ཐོན་གྱིས་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།