༄༅། །བཙན་བྱོལ་བོད་མིའི་བྱུང་བ་བརྗོད་པའི་དེབ་ཕྲེང་གཉིས།

༄༅།།ཉེ་སྔོན་ཕྱི་ཟླ་ཚེས་ཉིན་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་༥༤འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདོན་སྤེལ་གནང་བའི་ <བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།>ཞེས་པའི་དེབ་ཕྲེང་དང་པོ་དང་གཉིས་པ་གཉིས་དབུ་འབྱེད་གནང་ཡོད།

དེབ་ཕྲེང་དང་པོའི་ནང་།ས་བཅད་དང་པོ།  སྤྱིར་མང་གཙོ་ཞེས་པའི་གོ་དོན་དང་། འཛམ་གླིང་ནང་མང་གཙོ་ཇི་ལྟར་དར་ཚུལ་དང་འབྲེལ་ནས་མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་མདོར་བསྡུས་སུ་བཀོད་པ། ས་བཅད་གཉིས་པ།  རྒྱ་གར་འཕགས་པའི་ཡུལ་གྱི་མང་གཙོའི་འཕེལ་རིམ་མདོར་བསྟན། ས་བཅད་གསུམ་པ།  བོད་རྒྱལ་ཁབ་ཀྱི་སྤྱི་བཤད། ས་བཅད་བཞི་པ།  བོད་ས་མ་ཤོར་གོང་མང་གཙོའི་ལམ་ལུགས་ཐོག་བསྐྱོད་འཆར།    ས་བཅད་ལྔ་པ།  བཙན་བྱོལ་བོད་གཞུང་གསར་འཛུགས། ས་བཅད་དྲུག་པ།  ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་ཆོས་སྲིིད་གཉིས་ལྡན་གྱི་བོད་མང་གཙོའི་གཞུང་དབུ་བརྙེས་པ།ས་བཅད་བདུན་པ།  ལས་ཁུངས་ཁག་དང་། འགོ་ལས། གཞུང་ཞབས། སྒར་འཐུས། མི་མང་འཐུས་མི་བཅས་ལེགས་སྒྲིག ནང་ཁུལ་རྩོད་རྙོག་འཐེན་འཁྱེར་སོགས་ཐེར་འདོན་ཞི་འཇགས་བཏང་བའི་སྐོར། ས་བཅད་བརྒྱད་པ།  རྩ་ཁྲིམས་གསལ་བསྒྲགས་ཀྱིས་སྒྲིག་འཛུགས་བསྐྱར་བཅོས་དང་། གཞུང་རྙིང་པའི་ལས་བྱེད་གོ་མིང་ཕྱིར་བསྡུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་ཐོག་མར་གསར་དུ་བསྐོ་སྩལ་གནང་བ་བཅས་ཀྱི་སྐོར།   ས་བཅད་དགུ་པ།  བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་དབུ་ཚུགས་པ་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གྱི་མཚན་གནས་གཏན་འབེབས། ལས་བསྡོམས་འབུལ་ཕྱོགས་ཀྱི་ཐག་གཅོད། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་སྔོན་འགྲོའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་སྐོར།       ས་བཅད་བཅུ་པ།  བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་། གྲངས་ཚད། འོས་འདེམས་བྱེད་ཕྱོགས་ཀྱི་བསམ་ཚུལ་ཁག གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་སྣོན། སྔོན་རྩིས་སྟངས་འཛིན་བྱེད་ཕྱོགས་སྐོར་གྱི་ཐག་གཅོད། མང་གཙོའི་དུས་དྲན་ཉིན་མོ་གཏན་འཁེལ་བ་བཅས་ཀྱི་སྐོར། ས་བཅད་བཅུ་གཅིག་པ།  སྤྱི་འཐུས་གྲངས་ཚད་སྣོན་འཕྲི་དང་ལས་ཡུན་ལོ་ལྔར་གཏན་འབེབས། ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར། སྐབས་བརྒྱད་པ་དང་དགུ་པའི་སྤྱི་འཐུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་གནང་བ། བོད་མི་མང་སྤྱི་འཐུས་ཚོགས་ཁང་གསར་བསྐྲུན་བཅས་ཀྱི་སྐོར།    ས་བཅད་བཅུ་གཉིས་པ།  བོད་མི་མང་སྤྱི་འཐུས་འོས་འདེམས་བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས། སྲི་ཞུའི་ཚོགས་ཆེན་མཐའ་མ་འཚོགས་པ་དང་མང་གཙོའི་ངོ་བོ་མཚན་ཉིད་ཚང་བ་ཡོང་སླད་ཚོགས་ཆེན་བསྡུ་སྐོང་གནང་འཆར་བཅས་ཀྱི་སྐོར།                                              

དེབ་ཕྲེང་གཉིས་པའི་ནང་། ས་བཅད་བཅུ་གསུམ་པ།  བཀའ་བློན་ཐད་བསྐོ་དང་སྤྱི་འཐུས་ཕྱག་རྟགས་བསྩལ་སྲོལ་ཕྱིར་བསྡུ། བར་བརྒལ་བཀའ་ཤག་གསར་འཛུགས། སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་སུ་སྒྱུར་ཏེ་གྲངས་ཚད་སྤར་ཆ་གནང་བ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས། ཁྲིམས་ཞིབ་ཁང་དང་རང་དབང་ཅན་གྱི་སྡེ་ཚན་གསུམ་གསར་འཛུགས། ས་བཅད་བཅུ་བཞི་པ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་ཕྱོགས་དབུ་མའི་ལམ་དུ་བསྒྱུར་བ། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག  དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་གཏན་ལ་ཕབས་པའི་སྐོར། ས་བཅད་བཅོ་ལྔ་པ།  བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས། བཅའ་ཁྲིམས་དང་ཁྲིམས་སྒྲིག་ཁག་གི་བསྐྱར་བཅོས་ནང་ཐད་བསྐོས་སྤྱི་འཐུས་དང་། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན། ཁྲིམས་ཞིབ་པ་སོགས་བསྐོ་གཞག་གནང་སྟངས་སྐོར། ས་བཅད་བཅུ་དྲུག་པ།  མི་མང་གི་ཐད་ཀར་འོས་བསྡུ་གནང་བའི་བཀའ་བློན་ཁྲི་པ་སྐབས་གཉིས་པའི་དངོས་གཞིའི་འོས་བསྡུ་གསལ་བསྒྲགས་དང་། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་རྣམས་ལས་ཁུར་དམ་འབུལ། བཅའ་ཁྲིམས་དོན་ཚན་ ༥༩ དགོངས་དོན་ལྟར་དམིགས་བསལ་ཚོགས་ཆེན་དང་པོ་འཚོགས་པ། ས་བཅད་བཅུ་བདུན་པ།  སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་ཁྲིི་འོས་བསྡུའི་ལས་རིམ་འགོ་འཛུགས། མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བར་སྲུང་བརྩི། ༸གོང་ས་༸སྐྱབས་མགོན་ཆེན་པོར་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ། དགའ་ལྡན་ཕོ་བྲང་གི་སྲིད་ཀྱི་འགན་དབང་ཕྱིར་བསྡུ། བཅའ་ཁྲིམས་བསྐྱར་བཅོས་ ༢༥ པ་མཛད་པ། ས་བཅད་བཅོ་བརྒྱད་པ།  སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་། སྤྱི་འཐུས་ལྷན་ཁང་གིས་ཆེད་བཙུགས་ཚོགས་ཆུང་ཁག བོད་མི་མང་སྤྱི་འཐུས་སྐབས་དང་པོ་ནས་བཅུ་བཞི་བར་གྱི་པར་རིས་མཚན་གཞུང་དང་ཚོགས་གཙོ་བགྲེས་གཞོན་རིམ་བྱུང་གི་ལོ་རྒྱུས་བསྡུས་པ། སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་རིམ་བྱུང་གི་ལོ་རྒྱུས་བསྡུས་པ་བཀོད་ཡོད་པ་བཅས།                                                                      

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པའི་དེབ་ཕྲེང་འདི་གཉིས་ནང་། གང་ཟག་ཕྱེ་བྲག་པ་ཞིག་གི་ལྟ་གྲུབ་བམ།འདོད་ཕྱོགས་ལྟ་བུ་མིན་པ་ཁུངས་ལྡན་གཞུང་གི་ཡིག་ཆ་ཞེ་ཅིག་ལ་གཞི་བཅོལ་གྱིས་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པས།བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཁུངས་ལུང་ཚད་འཕེར་རམ་གཞི་འཛིན་ས་ཞིག་སྟེ། ཕྱིས་འབྱུང་ཡང་བོད་མི་ཡོངས་དང་།རྒྱལ་སྤྱིའི་ཁྱོན་ནས་བོད་མིའི་མང་གཙོ་དང་འབྲེལ་བའི་ལོ་རྒྱུས་ཐོག་ཐུགས་སྣང་དང་ཉམས་ཞིབ་གནང་མཁན་བཅས་པར་ཐུགས་ཕན་གསོས་ངེས་ཡོང་རྒྱུར་སོང་རྒྱ་གང་ཆེས་ཐུགས་སྣང་ཆེན་པོས་ལྗགས་ཀློག་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད།ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་ཆེ་བ་དང་བཅས་མང་གཙོ་ཡང་དག་པའི་ཕྱོགས་སུ་བསྐྱོད་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་མོ་ཡང་ནས་ཡང་དུ་སྩལ་ཡོད་པ་རྣམས་ཡོངས་སུ་བསྒྲུབ་ཕྱིར་བོད་མི་ཡོངས་ལ་འགན་འཁྲི་ཆེན་པོ་ཡོད་པས།བོད་མིའི་མང་གཙོའི་འཕེལ་རིམ་གྱི་བྱུང་རབས་རྣམས་མཁྱེན་པའི་ཐོག  འདས་པའི་ཉམས་མྱོང་དག་བསླབ་བྱར་བླངས་ཏེ་མ་འོངས་མདུན་བསྐྱོད་བྱ་རྒྱུའི་ཆ་རྐྱེན་དུ་འགྱུར་ཐབས་བྱ་རྒྱུ་གནད་ཀྱི་སྙིང་པོར་བརྟེན་ལོ་རྒྱུས་ཀྱི་དེབ་ཕྲེང་འདི་དག་ལ་ཡང་ནས་ཡང་དུ་གཟིགས་ཞིབ་ཡོང་བའི་འབོད་བསྐུལ་ཞུ་རྒྱུ

         དེབ་ཕྲེང་འདི་གཉིས་ཀྱི་རིན་འབབ་ཐད་པར་སྐྲུན་གྱི་མ་གནས་ལས་ཀྱང་ཉུང་བ་ཧིན་སྒོར་༢༥༠།༠༠ལས་ཞུ་ཡི་མེད།ལྷག་པར་སློབ་ཕྲུག་རྣམས་ལ་བརྒྱ་ཆ་སུམ་ཅུ་ཐམ་པ་ཆག་ཡང་ཡོད་པ་བཅས་སྤུས་གཟིགས་ཞུ་འདོད་ཡོད་པ་རྣམས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ཐད་ཀར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས།བོད་མི་མང་སྤྱི་ལྷན་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་༢༠༡༤ཟླ་ཚེས་༡༡ལ།།