༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དང་། ལས་ཁུངས་སོགས་གསར་བཞེངས་དང་ཉམས་གསོའི་ལས་དོན་ཡོངས་སུ་ལེགས་གྲུབ་ཟིན་ཡོད་པར་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་བཀའ་དྲིན་བསྐྱངས་པ།

ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་དུ་ཚེས་བཅུ་གཟབ་གསོལ་དང་། གྲྭ་ཚང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྤྱི་འཐུས་ཚོོགས་གཙོ་སྦྲེལ་པོ་དང་ཚོགས་དྲུང་བཅས་ནས་སྤོས་སྣེས་སྔོན་བསུས་ཀྱིས་གདན་ཞུས་དང་སྦྲགས། དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་བཅས་ལྷན་བཅར་གྱིས་སྤྱི་འཐུས་ལྷན་ཁང་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུ་འབྱེད་བྱིན་རླབས་མཛད་པའི་ཚིག་བརྗོད་འཁོད་པའི་པང་རྡོ་ཞལ་དབྱེ་དང་། དེ་བཞིན་དེང་ལུགས་ཚོན་ལྡན་དར་རས་གཅོད་འབྲེག་མཛད་དེ་དབུ་འབྱེད་གནང་ཡོད་པ་རེད།

2014.03.11, Tues. Inauguration of Tib. Parliament House by HHDL, Gangkyi.

2014.03.11, Tues. Inauguration of Tib. Parliament House by HHDL, Gangkyi.

   དབུ་འབྱེད་གྲུབ་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་དུ་གདན་ཞུས་ཀྱིས་རབ་གནས་བྱིན་རླབས་བཀའ་དྲིན་བསྐྱངས་ཏེ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་འཁོད་བཀའ་དྲིན་ཆེ་ཉིད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཏེ་རིམ་བཞིན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག དཔལ་ལྡན་ཚོགས་གཞོན་མཆོག་བཅས་ཀྱིས་མཇལ་དར་འབུལ་ལམ་ཞུས་པ་དང་། རྟེན་འབྱུང་གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་གྲོས་ཚོགས་ཚོགས་ཁང་ནང་དབུ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོ་དངོས་གཞི་གྲུབ་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

2014.03.11, Tues. Inauguration of Tib. Parliament House by HHDL, Gangkyi.

དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་རྣམ་པ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྐུ་མགྲོན་གཞན་བཅས་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་ནང་བཞུགས་བསྒྲིགས་ལྟར་འཁོད་གནང་གིས་སྤྱི་འཐུས་ལྷན་ཁང་གསར་བཞེངས་དང་། ཉམས་གསོའི་ལས་གཞི་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། ལས་གཞི་དང་འབྲེལ་བའི་མི་སྣ་ཁག་ལ་ལེགས་སོའི་ཕྱག་ཁྱེར་གསོལ་རས་གནང་རྒྱུའི་ལས་རིམ་འགོ་འཛུགས་ཀྱིས་སྤྱི་འཐུས་ལྷན་ཁང་གསར་བཞེངས་དང་ཉམས་གསོའི་ལས་གཞི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས། བོད་མི་མང་སྤྱི་འཐུས་ལྷན་ཁང་གསར་བཞེངས་དང་། ཉམས་བཟོའི་ལས་དོན་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་ཡོད་པ་དང་། སྤྱི་འཐུས་ལྷན་ཁང་གསར་བཞེངས་དང་། ཉམས་གསོའི་ལས་གཞིར་ཁང་བཟོའི་ཁྱད་ལས་བྱུས་འགོད་པ་དང་། བོགས་ལེན་པ། རྟོག་ཞིབ་པ། ལས་རྒྱབ་པ། དེ་བཞིན་ཕྱག་རོགས་གནང་མཁན་ལག་རྩལ་བ་མི་སྣ་ཁག་གཅིག་བཅས་སྤྱི་འཐུས་ལྷན་ཁང་གསར་བཞེངས་དང་ཉམས་གསོའི་ལས་གཞི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ་བྱ་དགའ་ཕྱག་ཁྱེར་གསོལ་རས་གནང་། ཁང་བཟོའི་བྱུས་འགོད་ཁྱད་ལས་པ་གཉིས་དང་། ཨར་བསྐྲུན་བོགས་ལེན་པ་བཅས་ལ་ལེགས་སོའི་ཕྱག་ཁྱེར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་གནང་བ་དང་། ཁང་བཟོའི་ལྟ་རྟོག་པ་དང་། ལས་རྒྱབ་པ། དང་བླངས་ལྷ་བྲིས་པ། སྤྱི་འཐུས་ལྷན་ཁང་གི་སྒོ་བྱང་འབྲི་མཁན་གསུམ་བཅས་པར་ལེགས་སོའི་ཕྱག་ཁྱེར་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གནང་།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།