༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཇུག་བསྡོམས་མཛད་སྒོར་གདན་ཞུས་ལྟར་ཕེབས་པ།

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཞུགས་སྒར་རྡ་ས་ནས་ཅན་རྡི་སྒར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་བྷག་ཌོ་ར་ (bagdora)བརྒྱུད་ཀ་སྦུག་ཏུ་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༡༠ ཉིན་ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཇུག་བསྒྲིལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ཡོད་པ་དང་། kalenམཛད་སྒོ་དེར་ཀ་སྦུག་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས། སློབ་གྲྭའི་སློབ་སྤྱི་དང་རེག་ཊར། ས་གནས་ཀྱི་ལས་སྣེ་དང་སློབ་ཕྲུག་ལས་ཟུར་བཅས་མཉམ་ཞུགས་གནང་ཡོད་འདུག   དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སློབ་གྲྭའི་དགེ་རྒན་ལས་བྱེད་དང་། དགེ་ལས་ཟུར་པ། དེ་བཞིན་སློབ་ཕྲུག་ཟུར་པ་བཅས་ལ་དྲན་རྟེན་ཕྱག་རྟགས་ཤིག་གནང་བ་དང་བཅས་བཀའ་སློབ་གནང་བའི་སྙིང་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་ཕེབས་ནང་ང་ཚོ་བཙན་བྱོལ་དུ་འབྱོར་ནས་བྱས་རྗེས་ཆེ་ཤོས་ནི། བོད་པའི་ཕྲུ་གུ་ཚོར་སློབ་སྦྱོང་ཚད་དང་ལྡན་པ་ཞིག་སྤྲོད་ཐུབ་པ་བྱུང་བ་དེ་ཡིན། ཞེས་བཀའ་སྩལ་ཡོད་པ་བཞིན།  ད་ལྟའི་ཆར་བོད་པའི་ཕྲུ་གུ་ཚོ་འདབ་གཤོག་གཉིས་ལྡན་གྱི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆ་གང་འདྲ་ཞིག་གི་ཐོག་ལ་ཡང་ཤེས་ཡོན་ཅན་གྱི་མི་སྣ་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཐོག་ནས་འགྲོ་ཐུབ་པའི་གོ་སྐབས་བྱུང་ཡོད། དེ་དག་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཞིག་ཡིན་པར་བརྟེན་ང་ཚོས་ནམ་ཡང་བརྗེད་རྒྱུ་མེད། ང་ཚོའི་གྲས་ནི་མི་རབས་རྒན་པ་དང་གཞོན་པ་དབར་གྱི་ཟམ་པ་ལྟ་བུ་ཆགས་ཡོད།  དེ་སྔ་བཙན་བྱོལ་དུ་འབྱོར་མཚམས་ཀྱི་གནས་སྟངས་དང་དེང་སྐབས་འདྲ་གི་མ་རེད། སྐབས་དེར་ཕྱོགས་གང་ས་ནས་དཀའ་ལས་ཁག་པོ་ཡོད། ད་ལྟའི་སློབ་ཕྲུག་ཚོར་དེ་སྔ་དང་མི་འདྲ་བར་གོ་སྐབས་ཧ་ཅང་ཡག་པོ་ཡོད་སྟབས་ཤེས་ཡོན་ཐོག་གྲུབ་འབྲས་དེ་སྔ་ལས་ལྷག་པ་ཡོང་ཐུབ་རྒྱུ་སྨོས་མ་དགོས་ཤིང་།  སློབ་སྦྱོང་ཞེས་བརྗོད་སྐབས་འཛིན་གྲྭའི་ནང་དགེ་རྒན་གྱིས་སློབ་ཁྲིད་གནང་བ་དེ་གཅིག་པུར་གོ་རྒྱུ་མེད། འཛིན་གྲྭའི་ནང་ཙམ་མིན་པར་འཛིན་གྲྭ་གྲོལ་ནས་སློབ་ཚན་དང་དངོས་སུ་འབྲེལ་བ་ཡོད་མེད་ཀྱི་ཤེས་བྱ་ཚང་མའི་ཐོག་ལ་དོ་སྣང་བྱེད་དགོས། སློབ་སྦྱོང་བྱེད་རྒྱུའི་དགོས་པ་གཙོ་བོ་དེ་མི་ཚེ་འདི་སྐྱིད་པ་ཡོང་རྒྱུ་ཙམ་མ་ཟད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་ཐོག་ལ་བསམ་བློ་གཏོང་དགོས། དེ་ཡང་སོ་སོ་དང་སོ་སོའི་ནང་མི།kalen1 དེ་ནས་སྤྱི་ཚོགས་ལ་ཕན་ཐོགས་པ་ཞིག་བྱེད་དགོས། སློབ་སྦྱོང་དང་མཉམ་དུ་ཀུན་སྤྱོད་ཀྱང་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། སྦྱངས་པའི་སློབ་སྦྱོང་བེད་སྤྱོད་ལོག་པར་མ་འགྲོ་བ་བྱེད་དགོས། སློབ་སྦྱོང་གི་གོ་སྐབས་མ་རག་མཁན་བྱིས་པ་མང་པོ་ཡོད། བོད་ནས་ཡོང་མཁན་ཕྲུ་གུ་ཚོར་ཆ་མཚོན་ན་སྲོག་འབེན་ལ་བཙུགས་ནས་རྒྱ་གར་ལ་ཤེས་ཡོན་སྦྱོང་ཆེད་བྲོས་བྱོལ་དུ་ཡོང་བཞིན་ཡོད། ཁག་ཅིག་རང་གི་ཕ་མ་སྤུན་མཆེད་དང་སླར་ཡང་ཐུག་རྒྱུའི་གོ་སྐབས་རག་མིན་ངེས་གཏན་གང་ཡང་མེད།

གང་ལྟར་སློབ་སྦྱོང་གི་གོ་སྐབས་ཤིག་ཐོབ་ཆེད་བཙན་བྱོལ་དུ་ཡོང་གི་ཡོད། འོན་ཀྱང་ང་ཚོ་འདིར་གོ་སྐབས་ཡོད་བཞིན་དུ་དམ་འཛིན་མ་བྱས་པར་ལྷོད་གཡེང་བཏང་ནས་བསྡད་ན་འགྲིག་ཐབས་མེད། ཀ་རྡོར་སྒང་གསུམ་ནང་བོད་སྐད་རྒྱག་རྒྱུའི་ཐོག་ལ་དཀའ་ངལ་ཞིག་འཕྲད་ཀྱི་འདུག སྤྱིར་སྐད་ཡིག་ག་ཚོད་མང་བ་ཤེས་པ་དེའི་ཚོད་ཀྱིས་མི་ཚེའི་ནང་ཕན་ཐོགས་ཏན་ཏན་ཡོང་གི་རེད། འོན་ཀྱང་བོད་པའི་སྐད་ཡིག་འདི་ང་རང་ཚོས་སྲུང་སྐྱོབ་མ་བྱས་ན་ཉིན་གཅིག་བརླག་གི་རེད། དེང་སྐབས་འཛམ་གླིང་ནང་བོད་པའི་ཆོས་དང་རིག་གཞུང་ཐོག་ལ་འཛམ་གླིང་མི་མང་ཚོས་ཆེ་མཐོང་ཆེན་པོ་སྤྲོད་བཞིན་ཡོད། མ་འོངས་པར་བོད་སྤྱི་པའི་འགན་དེ་ད་ལྟའི་ཕྲུ་གུ་ཁྱེད་རང་ཚོས་འཁྱེར་དགོས་པ་ཆགས་ཀྱི་རེད། བོད་མིའི་སྒྲིག་འཛུགས་ཀྱི་འགན་མི་སྒེར་འགའ་ཞིག་ལ་བདག་པ་དེ་འདྲ་རྩ་བ་ནས་མ་རེད། སྒྲིག་འཛུགས་འདི་ང་ཚོ་ཚང་མའི་སྒྲིག་འཛུགས་ཤིག་རེད། ཚང་མར་ལས་འགན་ཡོད་པ་ཞིག་ཡིན།

བོད་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་ནང་བོད་ཀྱི་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་དེར་དོ་སྣང་གནང་དགོས། ཞེས་སོགས་གསུང་བཤད་གནང་ཡོད་པ་དང་།ཕྱི་ཚེས་༡༡ཉིན་ཀ་སྦུག་ཁུལ་དང་།ཁ་འཐོར་མི་མང་བཅས་ལ་མཛའ་བརྩེའི་མཇལ་འཕྲད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་།ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད།མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ཉིན་རྡ་ས་བཞུགས་སྒར་དུ་ཕྱིར་ཕེབས་གནང་ཡོད་པའི་གནས་བསྡུས་སུ།