༄༅། །ཀུ་ལུ་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་བྱང་ཕྱོགས་བདེན་པའི་མེ་ལྕེའི་ལས་འགུལ་གྱི་ཉིན་མཐའ་མ་གཉིས་ཀྱི་གནས་ཚུལ།

ཀུ་ལུ་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།ཀུ་ལུ་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།
དེ་ཡང་ཀུ་ལུ་དཔལ་རབ་གླིང་ས་གནས་འགོ་འཛིན་ལས་ཁང་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༧ ཉིན་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པས་འཐུས་མི་རྣམ་པ་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྤྱི་མི་བརྒྱ་དཔོན་དང་ལས་བྱེད་བཅས་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་རང་ལུགས་ཆས་གོས་གཟབ་འཆོར་གྱིས་དཔལ་རབ་གླིང་ནས་ཐོན་ཏེ་ཆུ་ཚོད་ ༨་༣༠ ཐོག་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དུ་འབྱོར། དེར་བདེན་པའི་མེ་ལྕེ་མཁན་རིན་པོ་ཆེ་མཆོག་ལ་བརྒྱུད་སྤྲོད་ཀྱིས་དགོན་པར་གདན་འདྲེན་ཞུས། དགོན་པའི་ལས་སྣེ་དགེ་འདུན་རྣམ་པ་དང་། དགེ་ལས་སློབ་ཕྲུག་ཡོངས་རྫོགས་དགོན་པའི་མདུན་ཐང་དུ་འདུ་འཛོམས་རྗེས་ས་འཐུས་ཚོགས་གཙོ་མཆོག་ནས་མར་མེ་ཞལ་དབྱེ་དང་སྦྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བའི་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་ངག་བཅད་གུས་བཏུད་སྐར་མ་གཅིག་གནང། ས་འཐུས་ཚོགས་གཞོན་ནས་ཧིན་སྐད་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་གཏམ་བཤད་གནང་བའི་རྗེས་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་སོ་སོས་གཏམ་བཤད་གནང་། དེ་མཚམས་བདེན་ཚིག་སྨོན་ལམ་འདོན་གནང་མཛད།

ཀུ་ལུ་དཔལ་རབ་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་མཐའ་མ།ཀུ་ལུ་དཔལ་རབ་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་མཐའ་མ།

དེ་ནས་ས་རྟགས་བསྡུ་རུབ་རྗེས་མཁན་རིན་པོ་ཆེ་མཆོག་ནས་བདེན་པའི་མེ་ལྕེ་ས་འཐུས་ཚོགས་གཙོར་བརྒྱུད་སྤྲོད་གནང་། དེའི་རྗེས་པ་ཀུལ་ལག་ཤེས་སློབ་གྲྭར་ཐོན། སློབ་གྲྭའི་རྒྱལ་སྒོ་ནས་རུ་བསྟར་གྱིས་བདེན་པའི་མེ་ལྕེ་སློབ་གྲྭའི་འགན་འཛིན་ལ་བརྒྱུད་སྤྲོད་གནང་བར་ཚོགས་ཁང་དུ་གདན་འདྲེན་ཞུས་པར་སྐུ་མགྲོན་གཙོ་བོ་ཀེཊ་རེན་མཐོ་སློབ་ཀྱི་སློབ་སྤྱི་སྐུ་ཞབས་གན་ཤྱམ་ཀ་པུར་(Mr.Ghanshyam Kapoor, Principal of Katrain High School)མཆོག་ནས་མར་མེ་ཞལ་དབྱེ་གནང་བ་དང་སྦྲགས་ཆོས་དགེ་དབུ་བཞུགས་ཀྱིས་ལས་སློབ་རྣམས་ནས་༸རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་འདོན་གནང་མཛད། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་ངག་བཅད་གུས་བཏུད་སྐར་མ་གཅིག་གནང་རྗེས་སློབ་གྲྭའི་རྩིས་པས་ཧིན་སྐད་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ངོ་སྤྲོད་གནང་། དེ་ནས་རིམ་བཞིན་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་སོ་སོས་གཏམ་བཤད་གནང། དེའི་རྗེས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བཏང་བའི་རྗེས་ས་རྟགས་བསྡུ་རུབ་ཞུས། དེ་ནས་སྤང་སྒང་དགོན་པར་ཐོན་པར་དེར་གྲྭ་བཙུན་འདུ་འཛོམས་ཐོག་ས་འཐུས་ཚོགས་གཙོ་དང་འགོ་འཛིན་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་བའི་རྗེས་ས་རྟགས་བསྡུ་རུབ་ཞུས་ཏེ་ཉིན་བཞི་པའི་ལས་འགུལ་མཚམས་འཇོག་གནང། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༨ ཞོགས་པ་ལས་བྱེད་རྣམས་ཆུ་ཚོད་ ༧་༣༠ ཐོག་དཔལ་རབ་གླིང་ནས་ཐོན་ཏེ་ཀུ་ལུར་འབྱོར། ཆུ་ཚོད་ ༨་༣༠ ཐོག་མཛད་རིམ་སྔོན་བསྒྲིགས་ལྟར་ཀུ་ལུ་རྫོང་ཁྱབ་ཁོངས་དགེ་འདུན་པ་དང་བཙུན་མ། སློབ་གྲྭའི་དགེ་ལས་དང་སློབ་ཕྲུག དེ་བཞིན་མི་མང་བཅས་རང་ལུགས་ཆས་གོས་གཟབ་འཆོར་གྱིས་རྡལ་པུར་ཐང་དུ་འཛོམས། ཆུ་ཚོད་ ༩་༠༠ ཐོག་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤིབ་ཅནྡ་ཋ་ཀུར་(ShivChand Thakur) མཆོག་ནས་མར་མེ་ཞལ་དབྱེ་གནང། དེ་ནས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བཏང་བའི་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་ངག་བཅད་གུས་བཏུད་སྐར་མ་གཅིག་གནང་། ས་འཐུས་ཚོགས་གཞོན་གྱིས་ཧིན་སྐད་དང་། དེ་ནས་ས་འཐུས་ཚོགས་གཙོ་དང་ས་འགོ་སོ་སོས་གཏམ་བཤད་གནང་བའི་མཚམས་སྐུ་མགྲོན་གཙོ་བོ་མཆོག་ནས་གཏམ་བཤད་གནང། དེའི་མཚམས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱབ་སྐྱོར་ས་རྟགས་གནང་། ས་གནས་འགོ་འཛིན་ནས་བརྙན་འཕྲིན་ ANI, My TV, Apna Channel ལ་སོགས་པའི་དྲི་བ་ཁག་ལ་ལན་འདེབས་གནང། དེ་ནས་ལས་སྣེ་རྣམས་ཀུ་ལུ་གྲོང་ཁྱེར་དུ་ས་རྟགས་བསྡུ་རུབ་ཞུས་པ་དང་འབྲེལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་། ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་སྨོན་ལམ་གསུང་འདོན་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༩ ཞོགས་པ་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ་སྦྲེལ་པོ་བཅས་ནས་བདེན་པའི་མེ་ལྕེ་བསྣམས་ཏེ་སིམ་ལ་ས་གནས་འགོ་འཛིན་ལ་བརྒྱུད་སྤྲོད་གནང་རྒྱུ་བཅས་ཀྱི་གསར་གནས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༠ ལ།།

ཀུ་ལུ་དཔལ་རབ་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་མཐའ་མ།ཀུ་ལུ་དཔལ་རབ་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་མཐའ་མ།