༄༅།། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་རྣམ་གཉིས་ལ་དྭགས་སླེ་བྱང་ཁུལ་དུ་གཞུང་དོན་ཕྱོགས་སྐྱོད་ལེགས་གྲུབ་བྱུང་བ།

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༥ ནས་ཟླ་ ༨ ཚེས་ ༣ བར་ལ་དྭགས་ལྷོ་བྱང་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཕྱི་ཟླ་ ༧ ཚེས་ ༡༨ ཞོགས་པ་ཆུ་ཚོད་ ༩ པར་ལ་དྭགས་ས་གནས་སུ་མངའ་རིས་སྤྱི་འཐུས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༦ པའི་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་གདན་ཞུས་བྱུང་བར་ཆེད་ཕེབས་གནང་བ་དང་། སྔ་དྲོ་ཆུ་ཚོད་ ༡༡ ཐོག་ལ་དྭགས་ལྷོ་བྱང་གཞིས་སྤྱི་ལས་ཁུངས་སུ་ས་གནས་འགོ་འཛིན་དོན་གྲུབ་བཀྲ་ཤིས་དང་། ལས་དྲུང་ཚེ་རིང་སྒྲོན་དཀར་རྣམ་གཉིས་ལྷན་ལ་དྭགས་ལྷོ་བྱང་བོད་མིའི་སྤྱི་ཡོངས་གནས་སྟངས་རྒྱུས་ལོན་གནང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་ཁྲིམས་ཞིབ་ཁང་། འཕྲོད་བསྟེན། མཉམ་འབྲེལ་འགྲེམ་སྟོན་ཚོང་ཁང་བཅས་སུ་ལྟ་སྐོར་བྱས། ཉིན་རྒྱབ་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པ། ཀརྨ་སྒྲུབ་བརྒྱུད་ཆོས་གླིང་། གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པ་བཅས་ཀྱི་དགོན་སྡེ་སོ་སོར་མཆོད་མཇལ་ཞུས་གྲུབ་རྗེས། རྒྱལ་ས་སླེར་སྨན་རྩིས་ཁང་རིག་གཞུང་ལྟེ་གནས་ཁང་དུ་གཟིགས་སྐོར།

ཕྱི་ཚེས་ ༡༩ ཞོགས་པ་ལྕོག་ལམ་ས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ ༦༠༠ ཙམ་ལ་ཤེས་ཡོན་སྐོར་གཏམ་བཤད་དང་། ten1སློབ་གྲྭའི་དཔེ་མཛོད་ཁང་དང་། གློག་ཀླད་ཁང་། སློབ་གྲྭའི་ཁྱིམ་ཚང་བཅས་ལ་གཟིགས་སྐོར། དེ་བཞིན་སློབ་གྲྭའི་དབུ་འཛིན་དང་དགེ་ལས་ལྷན་སྤྱི་ཡོངས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་གནས་སྟངས་སྐོར་བཀའ་མོལ་བྱུང་བར། ལོ་ཤས་ནས་སློབ་ཕྲུག་ཉུང་དུ་སོང་ཏེ་ཁྱིམ་ཚང་ཁ་ཤས་སྒོ་རྒྱག་དགོས་བྱུང་སྐོར། སྤྱི་ཡོངས་སློབ་ཕྲུག་གི་ཤེས་ཡོན་བཟང་སྤྱོད་སྔོན་མ་དང་བསྡུར་ན་མངོན་གསལ་དོད་པོས་སྡུག་ཏུ་འགྲོ་གི་ཡོད་པ་མ་ཟད། ལྷག་པར་བོད་ཁྱིམ་སློབ་གྲྭའི་ནང་དགེ་རྒན་གྱིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་མི་ཆོག་པ་དེས་སློབ་ཕྲུག་ཁྲེབ་ཏོ་མང་པོ་ཞིག་སྐྱག་ལང་ཤོར་ནས་སློབ་ཕྲུག་སྤྱི་ཡོངས་ཀྱི་ཤེས་ཡོན་དང་སྒྲིག་ལམ་ཐོག་མངོན་གསལ་དོད་པོས་འཐུས་ཤོར་འགྲོ་བཞིན་ཡོད་པ་དཔེར་ན། འཛིན་གྲྭ་གཅིག་ནང་སློབ་ཕྲུག་ ༣༠ ཡོད་པའི་ནང་ཁྲེབ་ཏོ་གཅིག་གིས་སློབ་ཕྲུག་ ༢༩ ལ་སློབ་ཚན་ཉན་མ་བཅུག་པ་དང་། ནང་ཁུལ་འཁྲུག་འཛིང་སློང་བ་སོགས་ཀྱིས་སློབ་ཕྲུག་བྱིངས་ལ་རྣམ་ཀུན་སུན་བཙེར་བཟོ་བཞིན་ཡོད་ཀྱང་ཁོ་པར་ཉེས་རྡུང་གཏོང་མ་ཆོག་པ་དེས་ད་དུང་ཧམ་པ་ཇེ་ཆེར་འགྲོ་གི་ཡོད་པ་འདི་རིགས་ནི་སྒྲིག་འཛུགས་ཤིག་ལ་ཆ་མཚོན་ན་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཞིག་ཆགས་ཡོད་པས། གོང་རིམ་ལ་ལན་མང་ཞུས་ཀྱང་ད་བར་སྒྲིག་གཞིར་འགྱུར་བ་གང་ཡང་ཕྱིན་མ་སོང་ཞེས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་མཆོག་ནས་ཐུགས་ཚོར་ཆེན་པོས་ཞུས་འདུག་པ་དང་། དེ་རྗེས་ལྕོག་ལམ་ས་བོད་མི་ཉམ་ཐག་ཁག་ཅིག་གི་ནང་ལྟ་སྐོར་དང་། ཉིན་རྒྱབ་ལ་བྱང་ལྷོ་སྤྱིའི་ས་གནས་འགོ་འཛིན་མཆོག་དང་། ས་འཐུས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ། གཞིས་ཀེམ་བརྒྱ་ཤོག་སོ་སོའི་བརྒྱ་དཔོན་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་གནང་།

ཕྱི་ཚེས་ ༢༠ ཉིན་ལྕོག་ལམ་སའི་མི་མང་ཚོགས་ཁང་གསར་སྐྲུན་ལེགས་གྲུབ་ཟིན་པའི་ནང་མི་མང་ ༧༠༠ ལྷག་ལ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་གཏན་ལ་ཕབ་པའི་གྲོས་ཆོད་ཁག་གི་དགོངས་དོན་ངོ་སྤྲོད་དང་། ༢༠༡༤ །༡༥ ལོའི་སྔོན་རྩིས་གཏན་འབེབས། ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཇི་སོང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་གཏམ་བཤད་གནང་།

ཕྱི་ཚེས་ ༢༡ ཞོགས་པ་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་ས་འཐུས་ཚོགས་གཙོ་གཞོན་དང་། tenདྲུང་ཆེ་བཅས་ས་འཐུས་བཅུ་ཕྲག་ལྷན་ཚོགས་འདུ་དང་ས་འཐུས་རྣམ་པའི་དྲི་བར་ལན་འདེབས། དེ་རྗེས་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་འཐུས་མི་རྣམ་པར་ཚོགས་འདུ་དང་། ཉིན་རྒྱབ་ས་གནས་མཉམ་འབྲེལ་འཐུས་མི་རྣམ་པར་ཚོགས་འདུ་དང་། འཐུས་མི་རྣམ་པས་དྲི་བར་ལན་འདེབས་དང་ལམ་སྟོན་བཀོད་མངགས་གནང་།

ཕྱི་ཚེས་ ༢༢ ཞོགས་པ་ཆུ་ཚོད་ལྔ་པ་ནས་ཕོ་བྲང་ཞི་བའི་ཚལ་ནས་ཐོན་ཏེ་ཉིན་གུང་ལ་བྱང་ཆུ་ཤུལ་ཡར་འཕེལ་དངོས་གྲུབ་གླིང་བོད་མིའི་གཞིས་སྒར་དུ་འབྱོར་ཏེ་མི་མང་ཚོགས་འདུ། དེ་བཞིན་ཕྱི་ཚེས་ ༢༣ ནས་ ༢༩ བར་ལ་དྭགས་བྱང་ཐང་ས་ཁག་ ཉོ་མ། རྒོད་ཡུལ། བཀག་གཞུང་། ཧང་ལེ། སུམ་མདོ། ཆུར་མོར། ས་སྨད་བཅས་སུ་ཕྱོགས་སྐྱོད་ཀྱིས་མི་མང་གི་བདེ་སྡུག་ལ་རྟོག་ཞིབ་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་དུས་བདུན་པའི་ཐོག་གཏན་ལ་ཕབ་པའི་གྲོས་ཆོད་ཁག་གི་དགོངས་དོན་མི་མང་ལ་འགྲེལ་བཤད་དང་དྲི་བར་ལན་འདེབས་གནང་།

ཕྱི་ཚེས་ ༣༡ ཉིན་ལ་སླེ་འཕྲོད་བསྟེན་ལས་བྱེད་ཀྱི་ཚོགས་འདུ་དང་དྲི་བར་ལན་འདེབས། ཉིན་རྒྱབ་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་ལྷན་ལ་བྱང་ས་ཁག་མི་མང་ནས་བདེ་སྡུག་ཞུས་རིགས་ལག་བསྟར་ཐུབ་མིན་གང་འགབ་ཇི་ལེགས་ཕན་ཚུན་དགོངས་ཚུལ་གོ་བསྡུར་དང་། དེ་བཞིན་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་དང་།ཟུང་དྲུང་དཔལ་ལྡན་དོན་གྲུབ་རྣམ་གཉིས་ས་གནས་སུ་འབྱོར་མུས་ལའང་ལ་དྭགས་ལྷོ་བྱང་གཉིས་ཀྱིས་དཀའ་སེལ་ལས་འཆར་ཞུས་རིགས་ལ་འགྲེལ་བརྗོད་གོ་བསྡུར་གནང་རྗེས་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཕྱི་ཟླ་ ༨ པའི་ཚེས་ ༤ ཉིན་སླེ་ནས་སྦེང་ལོར་གནམ་གྲུར་ཕེབས་ཏེ་ཚེས་ ༥ ཉིན་སྦེལ་ཀོབ་གཞིས་སུ་ཕྱིར་འཁོར་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ཕྱི་ཟླ་ ༨ ཚེས་ ༡ ཉིན་ལ་སླེ་ནས་ཐོན་ཏེ་ཉིན་རྒྱབ་ལྡི་ལིར་འབྱོར་བ་དང་། ཚེས་ ༢ དགོང་མོ་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཚེས་ ༣ ཞོགས་པ་རྡ་ས་གངས་སྐྱིད་སྤྱི་འཐུས་ལས་ཤག་ཏུ་བདེ་འབྱོར་བྱུང་བ་བཅས།