༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༣ ཉིན་ཨོ་སི་ཀྲོ་ལི་ཡའི་ཝིག་ཊོ་རི་ཡ་མངའ་སྡེའི་ནང་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༦༢ འཁོར་བའི་མཛད་སྒོ་ཞིག་སྲུང་བརྩི་ཞུས་པའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་ཆེད་ཕེབས་གནང་འདུག
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཝིག་ཊོ་རི་ཡའི་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་བ་དང་། དངུལ་གཉེར་རིག་འཛིན་དཔལ་མོ་ལགས་ཀྱིས་རྩིས་ཁྲ་ཁག་སྒྲོགས་སྦྱང་གནང་རྗེས། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་དང་། དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ་དེ་ཉིད་ཚད་དང་ ལྡན་པའི་ལག་བསྟར་ཡོང་རྒྱུར་བོད་མི་རྒན་གཞོན་ཚང་མས་མཉམ་ཞུགས་གནང་དགོས་སྐོར་གསུངས་གནང་བ་དང་། དེ་རྗེས་ཉེ་ཆར་རྒྱ་གར་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་འཚམས་འདྲིའི་མཇལ་དར་དང་། དེ་བཞིན་ས་གནས་རྒྱུན་ལས་གཅིག་གསར་འདེམས་བྱུང་བ་དང་།ས་ཁང་ཚོགས་ཆུང་གི་ཚོགས་མི་གསར་པ་འོས་འདེམས་བྱུང་བ་བཅས་ལ་འཚམས་འདྲིའི་མཇལ་དར་ཕུལ་གནང་རྗེས། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༤ ཉིན་ཕྱོགས་བཞུགས་སྤྱི་འཐུས་མཆོག་དང་། ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་རྣམ་གཉིས་ནས་ བྷན་ཊི་གོར་ཆགས་པའི་ནང་པའི་ཆོས་ཚོགས་ (The Great Stupa of Universal Compassion) སུ་གནས་གཟིགས་དང་། དེ་གའི་དབུ་འཛིན་ཨི་ཡན་གི་རིན་ (Ian Green (OAM)) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། བྱུང་རིམ། ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་སྙིང་བསྡུས་གནང་བ་དང་། དེ་བཞིན་ནང་པའི་ཆོས་ཚོགས་ནས་༧རྒྱལ་བའི་བཀའ་དགོངས་གཞིར་བཟུང་བསྟི་གནས་གསར་འཛུགས་དང་རྒྱ་སྐྱེད་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཡི་རངས་བསྔགས་བརྗོད་ཞུས་གནང་ཡོད་འདུག་པ་བཅས། །