ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཐོག་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་ཛའོ་ བྷེ་ཌི་ཕོར་ཌི་ (Dr. Zoe Bedford) མཆོག་གིས་སྣེ་ཁྲིད་པའི་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།

དེ་ཡང་མཇལ་འཕྲད་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་མང་པོ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཨོ་སི་ཀྲོ་ལི་ཡར་དམིགས་བསལ་གཞིས་སྤོས་ལས་གཞིའི་འོག བཙན་བྱོལ་བོད་མི་མང་པོ་ཞིག་ཡུལ་དེར་གནས་སྡོད་ཀྱིས་ས་གནས་མང་པོ་ཞིག་ལ་བོད་རིགས་ཚོགས་པ་བཙུགས་ཡོད་པ། དེ་བཞིན་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་ཡོད་པ་སོགས་ཨོ་སི་ཀྲོ་ལི་ཡ་དང་། བོད་མིའི་དབར་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་དང་། ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༡༩༨༨ ལོར་དབུ་བཙུགས་པ་ནས་བཟུང་ད་བར་ལོ་ངོ་ ༣༥ ཡི་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དང་། ལྷག་པར་དུ་ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་ཞུ་སྐུལ་དང་། མང་ཚོགས་ནང་བོད་དོན་གོ་རྟོགས་སྤེལ་བ་སོགས་བོད་དོན་ལས་འགུལ་ཧ་ཅང་གི་ཡག་པོ་སྤེལ་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་སོང་།

དེ་བཞིན་ང་ཚོ་བཙན་བྱོལ་ལ་བསྡད་ནས་ལོ་ངོ་ ༦༣ འགྲོ་བཞིན་ཡོད་པ་དང་། དེའི་རིང་རྒྱ་གར་གཞུང་དང་། ཨ་རི། ཡུ་རོབ་སོགས་ཀྱིས་བོད་དོན་འཐབ་རྩོད་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་མ་ཟད། དེང་སང་བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་གནང་མཁན་དེ་བས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར་གསུངས་པ་དང་། གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྤྱི་འཐུས་རྒྱུན་ལས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་གསུངས་གནང་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་གསུང་དོན། ལོ་རྒྱུས་ཐོག་བོད་རང་བཙན་གྱི་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ། འོན་ཀྱང་རྒྱ་ནག་གཞུང་ནས་མུ་མཐུད་མཁྲེགས་འཛིན་བྱེད་བཞིན་ཡོད་པའི་སྐོར།  རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་བྱིས་པ་ས་ཡ་གཅིག་མན་ཙམ་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར། ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ངོས་ནས་ཨོ་གླིང་མང་ཚོགས་ནང་བོད་དོན་སྐོར་གོ་རྟོགས་སྤེལ་དགོས་གལ་དང་། ལྷག་པར་དུ་རྒྱ་ནག་དམར་གཞུང་གི་འཁྱོག་བཤད་ལ་གདོང་ལེན་གནང་དགོས་སྐོར། ད་རེས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་འདིས་བོད་དོན་ཐོག་བོད་མི་ཙམ་མིན་པར། དྲང་བདེན་ལ་དགའ་མཁན་ཚོས་རྒྱབ་སྐྱོར་གནང་གི་ཡོད་པའི་བརྡ་ལན་གསལ་པོ་ཞིག་རྒྱ་ནག་དམར་གཞུང་སྤྲད་ཡོད་སྐོར་སོགས་གསུངས་གནང་སོང་།

ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་ཛའོ་ བྷེ་ཌི་ཕོར་ཌི་ (Dr. Zoe Bedford) མཆོག་གིས་ད་རེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་མཇལ་འཕྲད་ཀྱིས་དུས་ཚོད་བཏང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རྣམས་བཞུགས་སྒར་དུ་ཕེབས་དགོས་པའི་དམིགས་ཡུལ་སྐོར་དང་། བོད་མིའི་སྒྲིག་འཛུགས་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བཅས་གནང་རྗེས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཁོང་རྣམས་དབར་བཀའ་བསྡུར་ལྷུགས་པོ་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་ཛའོ་ བྷེ་ཌི་ཕོར་ཌི་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། གཞན་སྐུ་མགྲོན་རྣམས་ལ་མཇལ་དར་བསྒྲོན་འབུལ་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་།

གཞི་རྩའི་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས་ (Little Tibet Tour 2023) ཞེས་པའི་ལས་རིམ་གོ་སྒྲིག་ཐོག ཁོང་རྣམས་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་རིག་གཞུང་དང་། འཐབ་རྩོད་ཐོག་རྒྱུས་མངའ་ཡོང་ཐབས་སླད་ཕེབས་ཡོད་འདུག་པ་བཅས།