ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་ལ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༡ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ Senator Dean Smith མཆོག་དང་། སྐུ་ཞབས་ Michael McCormack མཆོག ལྕམ་སྐུ་Senator Deborah O’Neill མཆོག དེ་བཞིན་སྐུ་ཞབས་ David Smith མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་དུ་སྐུ་ཞབས་ Michael McCormack མཆོག་གི་བཟའ་ཟླ་ལྕམ་ Catherine McCormack ལགས། ཨོ་སི་ཀྲོ་ལི་ཡའི་དོན་གཅོད་ཀརྨ་སེང་གེ་ལགས། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ལྕམ་ Zoe Bedfordབཅས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་ལ་ཕེབས་ཡོད།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་སྐུ་མགྲོན་རྣམ་པ་སྤྱི་འཐུས་ལྷན་ཚོགས་སུ་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། གྲུབ་ཆ། དེ་བཞིན་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་སྙིང་བསྡུས་གནང་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ལྷན་བོད་ཀྱི་རྩ་དོན་ཐོག་གྲོས་མོལ་ལྷུག་པོ་གནང་སོང་།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཁོང་རྣམས་ལ་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་ཏེ་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲི་ལི་ཡར་ཕེབས་གནང་མཛད་དེ་རྒྱབ་ཁབ་ཀྱི་དབུ་འཁྲིད་མི་སྣ་དང་མཁས་དབང་། དེ་བཞིན་མི་མང་ལྷན་རྒྱས་དང་མཇལ་འཕྲད་གནང་བའི་སྐོར་གསུངས་གནང་སོང་།

ཚོགས་གཙོ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་དམར་གཞུང་གིས་བོད་ནང་ཆུ་མཛོད་རྒྱག་བཞིན་ཡོད་པའི་རྐྱེན་གྱིས་བོད་མི་ཚོ་སོ་སོའི་བཞུགས་གནས་ནས་ས་གནས་གཞན་དུ་སྤོ་དགོས་ཐུག་གི་ཡོད་པ་མ་ཟད། ས་གནས་དེའི་གནས་ཆེན་དགོན་པ་དང་རིང་སེལ་སོགས་གཏོར་བཤིག་གཏོང་བཞིན་ཡོད་པས་བོད་མི་ཆིག་སྟོང་ལྷག་ནས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་ཡོངས་ནང་མི་གཅིག་དབང་འགྱུར་གྱི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོོད་པའི་སྐོར་གསུངས་གནང་སོང་།

ད་དུང་ཚོགས་གཙོ་མཆོག་ནས་ཨོ་སི་ཀྲོ་ལི་ཡའི་གཞུང་དང་མི་མང་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་བཙན་བྱོལ་དུ་སླར་ཡང་གཞིས་གསར་ཆགས་པའི་གོ་སྐབས་སྐྲུན་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་སོང་།

ཁོང་རྣམ་པ་ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་ཚོགས་པ་འདྲ་མིན་གསུམ་ནས་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༥ ཡི་སྐབས་དང་བསྟུན་བཞུགས་སྒར་དྷ་རམ་ས་ལར་ཕེབས་པར་བསྔགས་བརྗོད་དང་། ལྷག་པར་དུ་བོད་ནང་གི་གནས་སྟངས་དེའང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཡོངས་ཁྱབ་དུས་མཚམས་བསྐྱར་ཞིབ་ནས་མཉམ་སྦྲེལ་རྒྱལ་ཚོགས་སུ་སྐྱེལ་བའི་སྐོར་ལའང་གསུངས་གནང་སོང་།

ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་གཞུང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དམིགས་བསལ་གྱིས་ “བོད།” ཅེས་པའི་ཐ་སྙད་དེ་ “ཤི་ཙང་” ཟེར་བར་སྒྱུར་རྒྱུའི་སྲིད་བྱུས་ངན་པ་བཏོན་བཞིན་ཡོད་སྐོར་དང་། སྐུ་ཚབ་ཚོགས་ཆུང་འདི་ག་བཞུགས་སྒར་དུ་ཕེབས་པ་དེ་ཡིས་རྒྱ་གཞུང་ལ་བོད་དེ་རྒྱ་ནག་གི་དབང་ཡོད་ཤོད་ས་མིན་པའི་བརྡ་ལན་ཤུགས་མ་ཐུབ་ཀྱིས་འགྲོ་བཞིན་ཡོད་སྐོར་གསུངས་གནང་སོང་།

དེ་བཞིན་ཚོགས་གཞོན་མཆོག་ནས་བོད་ནང་རྒྱ་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་ཁག་གི་ནང་གཏནསྡོདབྱེད་དུ་འཇུག་གི་ཡོད་ལ་བོད་ཕྲུག་ཚོའི་རང་གི་རིག་གཞུང་དང་།ཆོས་ལུགས། དེ་བཞིན་ལོ་རྒྱུས་སོགས་སྦྱོང་རྒྱུའི་ཐོབ་ཐང་འཕྲོག་པ་མ་ཟད།བོད་ཕྲུག་ཚོའི་སེམས་ཁམས་ནང་སིམ་འཛུལ་གྱིས་བོད་པའི་ངོ་བོ་ནག་སུབ་གཏོང་ཐབས་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་ལྷན་བོད་ནང་ཁོར་ཡུག་གཏོར་བཤིག་ཇི་ཙམ་གཏོང་བཞིན་ཡོད་སྐོར་གསུངས་གནང་སོང་།

ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ལེགས་གསོལ་མཆོན་བྱེད་དགོང་ཚིགས་ཤིག་གོ་སྒྲིག་གནང་ཡོད་པ་བཅས།