ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་རྡ་སར་ཕེབས་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Senator Mr. Derryn Hinch,Justice Party of Australia) མཆོག་གིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Kevin Andrews,Formal Defence Minister) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Senator Ms. Kimberly Kitching )        གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Ms. Meryl Jane Swanson,Labour Party of Australia ) བཅས་ལས་གྲུབ་པའི་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་མཇལ་འཕྲད་གནང་ཡོད།

 དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སྤྱི་འཐུས་ལྷན་ཁང་ནས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་མི་རྣམས་ལ་རྡ་ས་མེག་གྷན་གསོལ་མགྲོན་ཁང་དུ་འཚམས་འདྲིའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་ཆེད་ཕེབས་གནང་ཡོད།

དེའི་སྐབས་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཁོང་རྣམས་རྡ་སར་ཕེབས་པར་འཚམས་འདྲི་དང་སྦྲགས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་བཞུགས་སྒར་དུ་ཕེབས་སྐབས་སྣེ་ལེན་ཞུ་ཡི་ཡོད་པའི་སྐོར་དང་། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་བཞག་པ་སོགས་ད་བར་དངོས་ཡོད་ཀྱི་གྲུབ་འབྲས་ཐོན་པའི་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་ལུགས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྣམས་འཛམ་གླིང་རྒྱབ་ཁབ་ཁག་ཏུ་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་། བོད་དོན་ཞུ་སྐུལ་གནང་ཆེད་ཀྱི་ལས་རིམ་སོགས་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་བྱེད་ཕྱོགས། བོད་ཀྱི་འདས་པའི་ལོ་རྒྱུས། བོད་ཀྱི་གནད་དོན་དེ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དྲང་བདེན་གྱི་གནད་དོན་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ནང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ནས་ད་ཆ་འཛམ་གླིང་གི་གནད་དོན་ཞིག་ཆགས་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་ཡོད།

དེ་ནས་སྐུ་ཞབས་ Senator Mr. Derryn Hinch མཆོག་ནས་སྤྱི་འཐུས་རྒྱུན་ལས་རྣམ་པས་དགོང་དྲོའི་འཚམས་འདྲིའི་གསོལ་ཚིགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། རྒྱ་གར་རྒྱལ་ས་ལྡི་ལི་ནས་རྡ་སར་མ་ཕེབས་སྔོན་ ༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ་བྱུང་བའི་སྐོར། དེའི་སྐབས་སྐུ་ཞབས་ཁོང་ནས་བོད་ཀྱི་ནང་ཆོས་ནི་བཟང་ཕྱོགས་ཀྱི་ལྟ་གྲུབ་ཡོད་པ་ཞིག་དང་། ད་བར་བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་མདུན་སྐྱོད་འགྲོ་བཞིན་པ་ནི་ཧ་ལས་པའི་གཟི་བརྗིད་ཆེན་པོ་ཡིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་གི་མི་འབོར་ཕོན་ཆེ་འོར་འདྲེན་གྱིས་བོད་རིགས་རྣམས་གྲངས་ཉུང་མི་རིགས་བཟོ་བཞིན་པའི་སྲིད་བྱུས་འཛིན་པ་དེས་བོད་མིའི་ཆོས་དང་། རིག་གཞུང་སོགས་ལ་ཉེན་ཁ་ཆེན་པོ་ཡོད་པའི་སྐོར་ཞུས་གནང་ཡིན་ཞེས་དང་། དེ་བཞིན་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕེབས་སྐབས་པར་རིས་ཐོག་ནས་བོད་ཀྱི་ལོ་རྒྱུས་གང་ཙམ་གོ་རྟོགས་བྱུང་སོང་ཞེས་དང་། འགྲེམས་སྟོན་ཁང་གི་མཆན་འགོད་སའི་དེབ་ནང་ཁོང་གིས་ད་བར་ ༸གོང་ས་མཆོག་ཐེངས་བཞི་ཙམ་མཇལ་བ་དང་། འབྱུང་འགྱུར་ལོ་ ༡༥ ནང་བོད་ནང་མཇལ་རྒྱུ་ཡོང་བའི་རེ་བ་ཡོད་ཅེས་བྲིས་པ་སོགས་གསུངས་སོང།

དེ་བཞིན་སྐུ་ཞབས་ Kevin Andrews མཆོག་གིས་བོད་ཀྱི་འཐབ་རྩོད་ནི་རང་དབང་དང་། ཞི་བདེ། འཛམ་གླིང་ནང་འདྲ་མཉམ་གནས་རྒྱུ་བཅས་ཀྱི་གནད་དོན་ཞིག་ཡིན་པས་ངས་རྒྱབ་སྐྱོར་ཞུ་ཡི་ཡོད་ཅེས་དང་། བོད་མིའི་སྒྲིག་འཛུགས་ནས་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་བྱས་ཏེ་བོད་མིའི་མངོན་འདོད་གྲུབ་བཞིན་པར་ཡི་རངས་བསྔགས་བརྗོད་དང་། ཁོང་རྣམས་འདིར་ཕེབས་ཏེ་བོད་ཀྱི་འཐབ་རྩོད་ཐོག་སྔར་ལྷག་ཤེས་ཐབས་ཀྱི་གོ་སྐབས་ཐོབ་པར་དགའ་སྤྲོ་བྱུང་ཞེས་དང་། འབྱུང་འགྱུར་བོད་ཀྱི་མངོན་འདོོད་གྲུབ་པའི་རེ་བ་དང་། སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

དེ་ནས་ཆུ་ཚོད་གཉིས་ཙམ་རིང་སྤྱི་འཐུས་རྒྱུན་ལས་རྣམས་དང་བོད་ཀྱི་གནད་དོན་ཐོག་གོ་བསྡུར་ལྷུག་པོ་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ལ་ཕྱག་རྟགས་ཕུལ་གནང་ཡོད།

ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་བ་བཅས་ཀྱི་གནས་ཚུལ་དུ།


Tibetan Parliament-in-Exile

Menu