༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣༠ ཉིན་ཨོ་སི་ཀྲོ་ལི་ཡའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱི་སྣེ་འཁྲིད་འོག་ཨོ་སི་ཀྲོ་ལི་ཡ་དང་ཨ་རིར་གནས་བཞུགས་རྒྱ་རིགས་གྲངས་ ༧ བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གོ་རྟོགས་སླད་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་མཇལ་འཕྲད་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་འདིར་ཕེབས་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་འཕེལ་རིམ་སྐོར། བོད་ནང་གི་གནས་སྟངས་སྤྱི་དང་། ཁོར་ཡུག་གི་གནས་སྟངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་ངོ་སྤྲོད་སྙིང་བསྡུས། ཁྲིམས་སྒྲིག་གཏན་འབེབས་གནང་བ་ཁག་བཅས་ཀྱི་ཐོག་གསུངས་གནང་བ་དང་།
དེ་ནས་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་བསྒྱུར་གནང་བའི་ཐོག་ནས་ཁོང་རྣམས་ཀྱི་ངོ་སྤྲོད་དང་། དེ་རིང་འདིར་ཕེབས་དགོས་དོན་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་རྗེས། རྒྱ་རིགས་སྐུ་མགྲོན་རྣམས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་དྲི་བ་གནང་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཁག་ཅིག་གིས་དྲི་བ་དང་། དགོངས་ཚུལ་གསུངས་གནང་སོང་།
རྒྱ་རིགས་སྐུ་མགྲོན་རྣམ་པས་གསུང་དོན། དེ་རིང་རྡ་སར་ཕེབས་ནས་གཙོ་བོ་༧གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་རིག་གཞུང་དང་ཤེས་ཡོན་བསྟི་གནས་ཁང་ཁག་གཟིགས་སྐབས། སྙིང་སྟོབས་ཆེན་པོ་སྐྱེ་ཐུབ་པ་བྱུང་ཞེས་དང་། ནམ་རྒྱུན་ཐག་རིང་ནས་བཙན་བྱོལ་བོད་མིའི་གནས་ཚུལ་ཐོས་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ནས་གོ་ཐོས་བྱུང་བ་ལས་དངོས་སུ་འདི་ལྟ་བུའི་བོད་དོན་གོ་རྟོགས་ཀྱི་གོ་སྐབས་བྱུང་མེད་སྟབས། དེ་རིང་ང་ཚོར་དམིགས་བསལ་གྱི་སེམས་ཤུགས་འཕར་མ་ཞིག་སྐྱེ་ཐུབ་པ་བྱུང་སོང་། མ་འོངས་པར་ང་ཚོ་ཕན་ཚུན་མཉམ་རུབ་ཐོག་མུ་མཐུད་བོད་དོན་བདེན་མཐའ་གསལ་ཐབས་དང་། རྒྱ་ནག་ནང་མང་གཙོ་ཐོབ་ཆེད་ལས་དོན་གང་མང་སྤེལ་གནང་དགོས་པ་བཅས་ཀྱི་ཐོག་གསུངས་གནང་ཡོད་པ་མ་ཟད། རྒྱ་ནག་ནང་འགྱུར་བ་རང་བཞིན་གྱི་འགྲོ་རྒྱུ་ཡིན་པ་དང་། ལྷག་པར་ད་ལྟའི་རྒྱ་ནག་གི་དབང་ཆ་གཅིག་སྡུད་ཀྱི་སྲིད་བྱུས་ཀྱི་རྐྱེན་པས། ཁེ་ཕན་ཡོད་མཁན་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཐུབ་ཀྱི་མེད་ཀྱང་། མང་གཙོ་དོན་གཉེར་ཅན་དང་། བདེན་པའི་གནས་ཚུལ་ཤེས་མཁན་ཚོས་རྒྱ་ནག་དམར་པོའི་སྲིད་བྱུས་ལ་མོས་མཐུན་མེད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད་གནས་སྐོར་གསུངས་གནང་སོང་།
དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། དེང་སང་བཞུགས་སྒར་རྡ་སར་ཕྱིའི་སྐུ་མགྲོན་མང་དག་ཅིག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཐོག་གྲོས་ཚོགས་སོགས་ལ་གཟིགས་བསྐོར་ཕེབས་ཀྱི་ཡོད་པ་དང་། ད་ལོ་གྲོས་ཚོགས་ནང་གཞུང་འབྲེལ་མིན་པའི་ཐོག་སྐུ་མགྲོན་ ༢༠༠ མ་ཟིན་ཙམ་ཕེབས་ཡོད། དེ་རིང་ཁྱེད་རྣམས་གཞུང་འབྲེལ་ཐོག་ཕེབས་པ་ཙམ་མ་ཟད། ང་རང་ཚོ་མི་རིགས་གཉིས་ཀྱི་སྐད་ཡིག་ཐོག་ནས་སྐད་བརྡ་འཕྲོད་པའི་ཐོག་བགྲོ་གླེང་ལྷུག་པོ་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ང་ཚོའི་མང་གཙོ་ནི་༧གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༢ ཙམ་ནས་དགོངས་གཞི་ཡོད་པ་ཞིག་དང་། དེ་ནས་ ༥༨ དང་། རིམ་བཞིན་ཕྱི་ལོ་ ༡༩༦༠ ལོར་༧གོང་ས་མཆོག་གིས་མང་གཙོ་གསོལ་སྩལ་གནང་སྟེ། ད་ཆ་མང་གཙོ་ཚད་ལྡན་ཞིག་ཆགས་ཐུབ་པ་བྱུང་ཡོད།
དེ་བཞིན་བོད་མི་རྣམས་ནི་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནང་ཡོད་ཀྱང་། འོས་བསྡུ་ཚགས་ཚུད་དང་དོན་དང་ལྡན་པ་ཞིག་ཡོང་བཞིན་ཡོད་ཅེས་དང་། ལྷག་པར་ཕྱིའི་མི་མང་པོ་ཞིག་གིས་བཙན་བྱོལ་བོད་མིའི་མང་གཙོར་བསྔགས་བརྗོད་བྱེད་བཞིན་ཡོད་པ་མ་ཟད། གྲོས་ཚོགས་ཚོགས་པའི་སྐབས་སྐུ་མགྲོན་ཕེབས་མཁན་མང་དག་ཅིག་གིས་གྲོས་ཚོགས་འདི་ནི་ཞི་བདེའི་ལྷ་ཁང་ལྟ་བུ་ངོས་འཛིན་བྱེད་མཁན་ཡང་ཡོད། དེ་བཞིན་སྲིད་དོན་ཚན་རིག་པ་ཚོས་ཀྱང་བོད་མི་ཚོར་མང་གཙོ་ངོ་མ་ཡོད་པ་དང་། བོད་མི་མི་རེ་ངོ་རེེ་ནས་སོ་སོའི་སྔོན་འགྲོའི་འོས་མིར་འོས་འཕེན་རྒྱུ་ཡོད་པ། གང་ལྟར་མང་གཙོ་ཡང་དག་དང་ཚད་ལྡན་ཞིག་འདུག་ཅེས་བསྔགས་བརྗོད་གནང་མཁན་ཡོད། ཁྱེད་ཚོ་མང་གཙོ་དོན་གཉེར་བ་ཤ་སྟག་ཡིན་ཙང་། རྒྱ་ནག་ནང་མང་གཙོ་ཐོབ་ཆེད་དང་། བོད་དོན་བདེན་མཐའ་གསལ་ཐབས་སླད་ཁྱེད་རྣམ་པས་གོང་དུ་གསུངས་པ་ལྟར། ང་ཚོ་ཕན་ཚུན་མཉམ་རུབ་ཐོག་མུ་མཐུད་ཕྱག་ལས་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་གནང་བ་དང་། དེ་བཞིན་བྱིས་པ་རང་ལོ་ ༡༥ ནས་ ༦༥ བར་གྱི་བོད་ཀྱི་འཐབ་རྩོད་ཆེད་སྐུ་ལུས་མེ་མཆོད་དུ་ཕུལ་བཞིན་ཡོད་པའི་སྐོར་དང་། བྱིས་པ་རྣམས་ནས་རྒྱ་ནག་གི་སྲིད་འཛིན་མའོ་དང་། ཏིང་ཞའོ་ཕིང་། ཅང་ཙི་མིན་ལ་སོགས་པ་གོ་ཐོས་ཙམ་ཡང་མེད་ཀྱང་བོད་པའི་འཐབ་རྩོད་ཐོག་དཀའ་ལས་རྒྱག་བཞིན་ཡོད་སྐོར། དེ་བཞིན་ཁོང་རྣམ་པར་བོད་ནང་གི་གནས་བབ་དང་། རྒྱལ་སྤྱིའི་རང་སྲིད་རང་སྐྱོང་དང་འབྲེལ་བའི་དཔེ་དེབ་གཉིས་ཕུལ་བའི་ཐོག་འགྲེལ་བརྗོད་སྙིང་བསྡུས་རེ་གནང་སོང་། དེ་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་ལྷན་གྲོས་ཚོགས་ནང་གཟིགས་བསྐོར་ཕེབས་གནང་ཡོད་པ་བཅས། །