ཨོ་ཌི་ཤ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་མཇུག་བསྒྲིལ་བ།

༄༅། །བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་བཞིན་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཨོ་ཌི་ཤའི་མངའ་སྡེའི་རྒྱལ་ས་བྷུ་བུ་ནེ་ཤེ་ཝར་དུ་ཆགས་པའི་ཀ་ལིང་གྷ་སྤྱི་ཚོགས་ཚན་རིག་སྡེ་ཚན་བསྟི་གནས་དང་། ཀ་ལིང་གྷ་བཟོ་ལས་དང་འཕྲུལ་རིགས་སྡེ་ཚན་ལྟེ་གནས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ (Kalinga Institute of Industrial Technology (KIIT) University) གཉིས་ཀྱི་ངེས་སྟོན་པ་གཞོན་པ་ཨ་པ་རཱ་ཏིམ་ ཏི་ཝར་རི་ (Apratim Tiwari Deputy Director (RIS), KIIT & KISS) མཆོག་གི་སྣེ་ཤན་གནང་སྟེ། བཟོ་སྐྲུན་འཕྲུལ་རིགས་སྡེ་ཚན་དང་། སྤྱི་ཚོགས་ཚན་རིག་སྡེ་ཚན་གཉིས་ཀྱི་ས་ཁོངས་མ་འདྲ་བ་ (Campus) ༢༥ ཙམ་འདུག་པ་ཕལ་ཆེ་བར་གཟིགས་སྐོར་དང་། དེ་རྗེས་ཀ་ལིང་གྷ་སྤྱི་ཚོགས་ཚན་རིག་སྡེ་ཚན་བསྟི་གནས་ཀྱི་གཞི་རིམ་སློབ་གྲྭར་གཟིགས་སྐོར། སློབ་ཕྲུག་བརྒྱད་སྟོང་ (༨༠༠༠) ཙམ་ཞོགས་པའི་འདུ་འཛོམས་ཀྱི་སར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་དོན་ངོ་སྤྲོད་མདོར་བསྡུས། སློབ་ཕྲུག་ཚོའི་མི་ཚེ་དོན་ལྡན་ཡོང་བའི་རེ་སྨོན་བཅས་ཀྱི་གསུང་བཤད་སྙིང་བསྡུས་གནང་ཡོད།

ཆུ་ཚོད་ ༡༠།༡༠ ནས་ ༡༡།༠༠ བར་ཀ་ལིང་གྷ་སྤྱི་ཚོགས་ཚན་རིག་སྡེ་ཚན་བསྟི་གནས་ཀྱི་གཙུག་ལག་སློབ་གྲྭ་ (Kalinga Institute of Social Sciences (KISS) (Deemed to be University) ཆེན་མོར་ཉེ་བའི་རིགས་བདག་མཆོག་གིས་གཙོས་དོན་གཉེར་ཅན་གྱི་དགེ་ལས་དང་། མཐོ་རིམ་སློབ་མ། གཞི་རིམ་སློབ་ཕྲུག་བཅས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་ཐོག་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་གླེང་མོལ་ (Interaction with Tibetan Parliamentarian Delegation) ཞེས་པའི་བརྗོད་གཞི་དང་འབྲེལ་བའི་ཚོགས་འདུའི་ནང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ དྷི་པཀ་ ཀུ་མར་ བྷེ་ཧེ་ར་ (Prof. Deepak Kumar Behera, Hon’ble Vice-Chancellor, KISS DU) མཆོག་གིས་ཕེབས་བསུའི་གསུང་བཤད་སྐབས་མཐོ་སློབ་ངོ་སྤྲོད་དང་།

ཁོང་ཉིད་༸གོང་ས་མཆོག་དང་མཇལ་འཕྲད་བྱུང་བ་ལས་འཕྲོས་ཏེ་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ལ་ཆེ་བསྟོད། བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་སྐོར་སོགས་གསུངས་པ་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནས་གནའ་རབས་འཕགས་བོད་ཆོས་རིག་འབྲེལ་ལམ་སྐོར་དང་། ད་ལྟ་བོད་དོན་དེ་རྒྱ་གར་ལ་གལ་གནད་ཇི་ལྟར་ཆེ་ཚུལ། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ངོ་སྤྲོད་ཀྱིས་དགེ་སློབ་ཡོངས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་པ་དང་། དེ་བཞིན་ཚོགས་ཞུགས་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་འབུམ་རམས་པ་ པརཱ་ཤན་ཏ་ ཀུ་མར་ རའུ་ཊརེ་ (Dr Prashanta Kumar Routray, Registrar, KISS DU) མཆོག་ནས་ཀྱང་བོད་དོན་གྱི་གལ་གནད་སྐོར་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་མཆོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། ༸གོང་ས་མཆོག་གི་མཛད་རྣམ། སྤྱི་ལྷན་གྱི་ཞུ་ཡིག བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་སོགས་ཕུལ་བ་དང་། ཡིག་ཆ་གཞན་རྣམས་འགྲེམ་སྤེལ་དང་། དེ་རྗེས་ཚོགས་ཞུགས་པའི་ལྷན་མཉམ་པར་བླངས་ཡོད་པ་རེད།

སྔ་དྲོ་ཆུ་ཚོད་ ༡༡།༣༠ ནས་ ༡༢།༤༥ བར་བྷུ་བུ་ནེ་ཤེ་ཝར་དུ་ཆགས་པའི་རཱ་མཱ་དྷེ་ཝི་བུད་མེད་གཙུག་ལག་སློབ་གཉེར་ཁང་དུ་ (RAMA DEVI WOMEN’S UNIVERSITY) འཕགས་བོད་དབར་རིག་གཞུང་དང་། མ་འོངས་འབྲེལ་བའི་སྐོར་ (INDIA AND TIBET: SHARED HERITAGE AND SHARED FUTURE) ཞེས་པའི་བརྗོད་གཞི་དང་བསྟུན་བགྲོ་གླེང་ཚོགས་འདུ་ཚོགས་སྐབས་དགེ་སློབ་ ༢༠༠ ཙམ་འདུ་འཛོམས་བྱུང་ཞིང་། ཐོག་མར་མཐོ་སློབ་ཀྱི་གླུ་གཞས་དབྱངས་སུ་གྱེར་བ་དང་སྐུ་མགྲོན་ཚོས་མཆོད་མེ་ཞལ་འབྱེད་དང་། གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ ཅན་དྷི་ ཅ་རན་ རཱཐ་ (Prof. Chandi Charan Rath Chairperson PG Council, RDWU) མཆོག་ནས་ཕེབས་བསུའི་གསུང་བཤད་དང་བསྟུན་མཐོ་སློབ་ངོ་སྤྲོད་དང་།

འཕགས་བོད་ཆོས་རིག་གི་འབྲེལ་ལམ་སྐོར་སོགས་གསུངས་པ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ཨ་མའི་བྱམས་བརྩེ་ལ་བརྩི་མཐོང་འཇོག་སྟངས་དང་སྦྲེལ་ཏེ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་སྐོར་ལ་འགྲེལ་བརྗོད་དང་། གཞིས་བཞུགས་བོད་མི་ཚོས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་མྱོང་བཞིན་པ་རྣམས་བྱམས་དང་སྙིང་རྗེའི་གཞི་རྩ་བཟུང་སྟེ་རྒྱུས་ལོན་དང་། དེ་འབྲེལ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་འཕགས་བོད་ཆོས་རིག་འབྲེལ་ལམ་སྐོར་དང་། བོད་དོན་དེ་རྒྱ་གར་ལ་གལ་གནད་ཇི་ལྟར་ཆེ་ཚུལ། རྒྱ་དམར་གྱི་བཙན་དབང་ལ་མ་བཟོད་པར་ ༡༩༥༩ ལོར་བུད་མེད་སྒེར་ལངས་ཇི་ལྟར་བྱས་པའི་སྐོར། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ལྷོ་ཤར་ཨེ་ཤེ་ཡའི་གནས་བབ་སྐོར་སོགས་ངོ་སྤྲོད། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་གིས་བོད་དོན་ཞུ་སྐུལ་གྱི་ལས་དོན་ལ་ཀུན་གྱི་རྒྱབ་སྐྱོར་ཡོང་ཐབས་དང་། མ་འོངས་པར་འཕགས་བོད་རིག་གཞུང་བརྗེ་ལེན་ཆེད་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཡོང་ཐབས་སྐོར་བཅས་གསུངས་འདུག གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་ཁུར་བ་སློབ་དཔོན་ཆེན་མོ་ སུ་ཆེ་ཏཱ་ པྲི་ཝ་བྷ་ དྷི་ནི་ (Prof. Sucheta Privabadini, Chair Professor, Maa Rama Devi Chair, RDWU) མཆོག་ནས་སྤྱི་འཐུས་རྣམས་ཀྱིས་བཤད་པའི་གལ་གནད་སྙིང་དོན་བསྐྱར་ནན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་ཐོབ་པའི་དགའ་སྤྲོའི་ཚོར་སྣང་། ཐེག་པ་ཆེ་ཆུང་ཅི་རིགས་དང་འབྲེལ་བའི་ནང་ཆོས་ཀྱི་དགེ་མཚན་དང་འབྲེལ་ནས་དགེ་སློབ་ཚང་མས་བོད་དོན་ལ་རྒྱབ་སྐྱོར་ཡོད་སྐོར་དང་བཅས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག

ཉེ་བའི་རིགས་བདག་མཆོག་ལ་༸གོང་ས་མཆོག་གི་མཛད་རྣམ་དང་། སྤྱི་ལྷན་གྱི་བོད་དོན་ཞུ་ཡིག སྐད་ཡིག་ཁག་གསུམ་ནང་འཁོད་པའི་ལྟེབ་ཤོག་ཡིག་ཆ་སོགས་ཕུལ་བ་དང་ཚོགས་ཐོག་ཏུ་བཀྲམས། ཚོགས་འདུ་གྲོལ་མཚམས་ཚོགས་ཞུགས་པ་རྣམས་མཉམ་པར་བླངས་ཡོད་པ་དང་། ཉེ་བའི་རིགས་བདག་མཆོག་དང་། ནང་ཆོས་སྡེ་ཚན་གྱི་འགན་ཁུར་བ་སོགས་ལྷན་ཕྱི་ཟླ་ ༩ པའི་ནང་དགེ་སློབ་ཁག་ཅིག་རིག་གཞུང་བརྗེ་ལེན་ཆེད་བཞུགས་སྒར་རྡ་རམ་ས་ལར་བཅར་ཕྱོགས་སྐོར་བཅས་ཀྱི་ཐོག་བཀའ་བསྡུར་གནང་འདུག

ཕྱི་དྲོ་ཆུ་ཚོད་ ༣།༠༠ ནས་ ༤།༠༠ བར་ཤིཀ་ཀྵ་ ཨོ་ ཨ་ནུ་སན་དྷན་ གཙུག་ལག་སློབ་གཉེར་ཁང་དུ་ (SIKSHA ‘O’ ANUSANDHAN UNIVERSITY) འཕགས་བོད་དབར་རིག་གཞུང་དང་། མ་འོངས་འབྲེལ་བའི་སྐོར་ (INDIA AND TIBET: SHARED HERITAGE AND SHARED FUTURE) གྱི་ཚོགས་འདུ་གོ་སྒྲིག་གནང་བའི་སར་དགེ་ལས་སློབ་མ་ ༡༥༠ ཙམ་འདུ་འཛོམས་བྱུང་བ་དང་། ཐོག་མར་མཆོད་མེ་ཞལ་འབྱེད་དང་མཐོ་སློབ་ཀྱི་གླུ་དབྱངས་གྱེར་འདོན་གྲུབ་མཚམས་མཐོ་སློབ་ཀྱི་འཛིན་སྐྱོང་འགན་འཛིན་སློབ་དཔོན་ཆེན་མོ་ ཇཡོ་ཏི་ རན་ཇན་ དྷས་ (Prof. Jyoti Ranjan Das, Ph.D, Dean-Students’ Welfare Professor-Faculty of Management Sciences SOADU) མཆོག་ནས་ཕེབས་བསུའི་གསུང་བཤད་གནང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་འཕགས་བོད་གནའ་རབས་ཆོས་དང་རིག་གཞུང་། ཆབ་སྲིད་དང་བཅས་པའི་འབྲེལ་ལམ་སྐོར་དང་། རྒྱ་དམར་གྱི་བཙན་དབང་འོག་༸གོང་ས་མཆོག་རྒྱ་གར་དུ་ཞབས་སོར་བཀོད་དགོས་བྱུང་རྗེས་ཆོས་དང་རིག་གཞུང་བདག་སྐྱོང་གནང་ཕྱོགས་དང་། ལྷག་པར་དུ་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་སྐྱོང་སྟངས་ལ་བཤིབ་བསྡུར་རྗེས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་དུ་ཇི་ལྟར་ཁྲིད་གནང་བའི་སྐོར་བཅས་ངོ་སྤྲོད་དང་།

རྒྱ་གར་གཞོན་སྐྱེས་རྣམས་ཀྱིས་དེང་རབས་འཕྲུལ་རིགས་སོགས་ཀྱི་ལམ་ནས་བོད་དོན་ལ་རྒྱབ་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་དང་། གཙུག་ལག་སློབ་གཉེར་ཁང་གི་དངོས་ཁམས་རིག་པའི་སྡེ་ཚན་གྱི་ངེས་སྟོན་པ་སློབ་དཔོན་ཆེན་མོ་ ཨན་ ཀེ་ ཤར་མ་ (Prof. N.K. Sharma, Director UOP ,SOADU) མཆོག་ནས་གཙུག་ལག་སློབ་གཉེར་ཁང་འདིར་འཕགས་བོད་རིག་གཞུང་བརྗེ་ལེན་དང་འབྲེལ་བའི་གོ་སྒྲིག་ཞུ་རྒྱུ་བྱུང་བར་དགའ་ཚོར་དང་། ༸གོང་ས་མཆོག་གི་ཞལ་གསུང་ཁག་ཅིག་ལུང་འདྲེན་དང་བཅས་མཛད་འཕྲིན་གལ་ཆེ་ངོ་སྤྲོད། སློབ་ཕྲུག་རྣམས་ནས་བོད་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་དགོས་པའི་གསལ་འདེབས་བཅས་གནང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་འཕགས་བོད་ཆོས་རིག་གི་འབྲེལ་ལམ་སྐོར་དང་། བོད་རང་བཙན་སྐབས་ཀྱི་ཆིངས་ཡིག་ཁག་ངོ་སྤྲོད། འཕགས་བོད་མཐའ་མཚམས་ཀྱི་གལ་གནད་སྐོར། བོད་ཀྱི་གཙང་ཆུ་རྣམས་ལྷོ་ཤར་ཨེ་ཤེ་ཡའི་ས་གནས་སུ་གལ་གནད་ཇི་ལྟར་ཆེ་ཚུལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ངོ་སྤྲོད།

སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དང་། ད་ལྟའི་བོད་དོན་ཞུ་སྐུལ་གྱི་ལས་དོན་བཅས་ངོ་སྤྲོད་གནང་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་། སློབ་དཔོན་ཆེན་མོའི་ལས་རོགས་འབུམ་རམས་པ་ ཨ་ཤི་ཤ་ མོ་ཧན་ཊེ་ (Dr. Ashish Mohanty, Asso. Professor, IBCS.) མཆོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་སྐོར་དང་སློབ་ཕྲུག་རྣམས་ཀྱི་ལྷན་རིག་གཞུང་བརྗེ་ལེན་གྱི་གོ་སྐབས་གང་མང་ཐོབ་ཚེ་དགེ་མཚན་ཆེན་པོ་ཡོང་རྒྱུ་བཅས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཉམ་པར་བླངས་ཡོད་པ་དང་། དེ་རྗེས་༸གོང་ས་མཆོག་གི་མཛད་རྣམ་དང་། སྤྱི་ལྷན་གྱི་ཞུ་ཡིག བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་རྣམས་ཕུལ་བ་བཅས་ཀྱིས་རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེར་བོད་དོན་ཞུ་སྐུལ་གྱི་ལས་དོན་མཇུག་བསྒྲིལ་གནང་ཡོད།

རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ སུ་ཇེཏ་ ཀུ་མར་མཆོག་གི་སྒེར་དྲུང་ རྒན་པ་ སྭཝ་དྷེཤ་ ཀུ་མར་ (Swadesh Kumar, Senior Private Secretary to Shri. Sujeet Kumar, Rajya Sabha MP) མཆོག་ནས་ཨོ་ཌི་ཤར་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འཆར་ཕལ་ཆེར་གོ་སྒྲིག་གི་འགན་ཁུར་སོགས་ཀྱི་མཐུན་འགྱུར་གནང་བ་དང་། ཁོང་གི་བརྒྱུད་ཀ་ལིང་གྷ་བཟོ་ལས་འཕྲུལ་རིགས་སྡེ་ཚན་གྱི་རྒྱ་སེའི་མེ་ཏོག་ལྡུམ་རའི་མགྲོན་ཁང་ (KIIT, Rose Garden Cottage) ནས་སྤྱི་འཐུས་རྣམས་ཀྱི་བཞུགས་གནས་དང་འགྲིམ་འགྲུལ་སྣུམ་འཁོར་སོགས་ཀྱི་མཐུན་རྐྱེན་རིན་མེད་དུ་སྦྱར་གནང་ཡོད་འདུག

སྤྱི་འཐུས་རྣམས་ཕྱི་ཟླ་ ༨ ཚེས་ ༢༤ ཉིན་བྷུ་བུ་ནེ་ཤེ་ཝར་ནས་ཀོལ་ཀ་ཏ་དང་། བྷག་ཌོ་ར་བརྒྱུད་ནུབ་བྷེང་གྷལ་མངའ་སྡེའི་ཁོངས་རྡོ་རྗེ་གླིང་དུ་ཕེབས་ཐོན་གྱིས་བོད་དོན་ཞུ་སྐུལ་གྱི་ལས་དོན་རིམ་བཞིན་སྤེལ་རྒྱུ་ཡིན་འདུག་པ་བཅས།