ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་གོ་སྒྲིག་གནང་བའི་ཉིན་ལྔའི་རིང་གི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་གོ་སྒྲིག་གནང་བའི་ཉིན་ལྔའི་རིང་གི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་ཡོད་འདུག

ཟབ་སྦྱོང་ཉིན་བཞི་པ་དང་ལྔ་པའི་དམར་ཁྲིད་སྐབས་ཟབ་སྦྱོང་བ་རྣམས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་པ་ལྟར། ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། རིམ་པས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་སོགས་དམར་ཁྲིད་གྲོས་ཚོགས་འཚོགས་གནང་འདུག་པ་དང་། ཉིན་གཉིས་ཀྱི་དམར་ཁྲིད་སྐབས་མན་སྤར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བསྟན་འཛིན་ལགས་དང་། ཨོ་ཌི་ཤ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་བསྟན་འཛིན་ལགས། སྦན་ད་ར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས། ཚོགས་གཙོའི་ལས་ཚབ་ཆོས་རྒྱལ་མཚན་ལགས་བཅས་ནས་ཚོགས་འདུ་གཙོ་སྐྱོང་གནང་འདུག དམར་ཁྲིད་གྲོས་ཚོགས་ཉིན་གཉིས་ཀྱི་ཚོགས་འདུའི་སྐབས་ཚོགས་བཅར་བ་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་དང་། བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཅིག སྐར་རྟགས་ཅན་གྱི་དྲི་བ་གསུམ། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གསུམ། ལོ་འཁོར་ལས་བསྡོམས་གཅིག སྒྲིག་གཞི་གསར་བཟོ་གཅིག སྒྲིག་གཞི་བསྐྱར་བཅོས་གཅིག གཏོང་ལེན་ཁྲིམས་ཡིག ས་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཅིག་བཅས་འདོན་རྒྱུའི་གོ་སྐབས་བྱུང་ཡོད་འདུག

ཟབ་སྦྱོང་བ་རྣམ་པས་ཉིན་གཉིས་ཀྱི་དམར་ཁྲིད་གྲོས་ཚོགས་སྐབས་དོ་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་པ་མ་ཟད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ནོར་འཁྲུལ་ཤོར་ཚེ་ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་སྐབས་ཐོག་སོ་སོར་སློབ་སྟོན་གནང་སྟེ་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད་འདུག

མཐར་མཇུག་བསྡོམས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཤིང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་མང་གཙོའི་ལམ་ལུགས་ནང་ཁྲིམས་སྒྲིག་དང་འགན་འཁུར་ལྡན་པ་གནང་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་དང་། ཟབ་སྦྱོང་བ་རྣམ་པས་ཉིན་ལྔའི་རིང་ཐུགས་སྣང་ཆེན་པོས་ཟབ་སྦྱོང་ནང་མཉམ་ཞུགས་དང་ཆ་ཤས་ལེན་པ་དང་། དེ་བཞིན་ས་འཐུས་དངོས་སུ་འཚོགས་པ་ལྟར་དམར་ཁྲིད་གནང་ཐུབ་པ་བཅས་ལ་བསྔགས་བརྗོད་དང་སྦྲགས། ཚང་མས་དུས་རྒྱུན་དུ་ནས་དེ་ཚོའི་ཐོག་སློབ་སྦྱོང་གནང་དགོས་སྐོར་གསུངས་གནང་བ་དང་། གཞན་ཡང་ཟབ་སྦྱོང་བ་རྣམ་པས་མ་འོངས་པར་གཞོན་སྐྱེས་ཚོར་ས་གནས་འཐུས་ཚོགས་ཀྱི་ཟབ་སྦྱོང་གནང་དགོས་པའི་དགོངས་ཚུལ་ཕུལ་བ་བཞིན་མ་འོངས་པར་གཟིགས་རྒྱུ་ཡིན་སྐོར་སོགས་གསུངས་གནང་འདུག

ཐེངས་འདིའི་ཟབ་སྦྱོང་ནང་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་རྣམ་པ་དང་། ས་འཐུས་རྣམ་པ། ཨོ་ཌི་ཤ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ཁྱོན་མི་གྲངས་ ༣༥ མཉམ་ཞུགས་གནང་ཡོད་པ་བཅས། །

Menu