ཨུ་རུ་སུའི་རྒྱལ་ས་མོས་ཀོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་སོགས་དུས་དྲན་གསུམ་སྲུང་བརྩི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་རྟེན་གཞི་བྱས་པའི་ཨོ་པེན་ཝོལ་ཌི་སེན་ཊར་ (Open World Center) ཞེས་པའི་ཁུལ་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པ་བཅས་ལྷན་འཛོམས་ཐོག གཞིས་ལུས་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་མཆོད་འབུལ་སྨོན་ལམ་ཆེད་མཆོད་སྤྲིན་འབུལ་ཤོམ་དང། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ལས་ཁུར་བཞེས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བ། དེ་བཞིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཁུལ་དེར་འབྱོར་བ་བཅས་དུས་དྲན་གསུམ་འཛོམས་ཀྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཏེ་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་ཡོད།

སྐབས་དེར་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་དུས་དྲན་གསུམ་འཛོམས་ཀྱི་ཉིན་མོ་ངོ་སྤྲོད་གནང་བ་དང་སྦྲགས། བཀའ་ཤག་སྐབས་བཅུ་བཞི་པའི་ལས་ཁུར་བཞེས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མོ་འཁེལ་བ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༤༩།༡༩༥༠ ནས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་བསྟུད་མར་ལག་བསྟར་བྱས་དང་བྱེད་མུས་སོགས་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་བཅས་ཀྱི་ངོ་སྤྲོད་གནང་ཡོད་པ་རེད་འདུག གསུང་བཤད་གྲུབ་བསྟུན་མང་ཚོགས་ནས་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་བ་དང་སྦྲགས་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་ཡོད།

དེ་རྗེས་སྐུ་ཚབ་དོན་གཅོད་ཀྱིས་ཉིན་དེའི་མཛད་སྒོའི་མཐའ་མར་མང་ཚོགས་རྣམས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་མ་ཟད། བོད་ཀྱི་གནད་དོན་དེ་བཞིན་ཆབ་སྲིད་ཀྱི་གནད་དོན་ཁོ་ན་མིན་པར་དེང་སྐབས་འཛམ་གླིང་ནང་ཞི་བདེ་གོང་འཕེལ་གཏོང་རྒྱུར་ཧ་ཅང་ཕན་རླབས་ཆེ་བའི་འཛམ་གླིང་སྤྱི་ལ་དབང་བའི་གཅེས་ནོར་ལྟ་བུའི་བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་ཆགས་འཇིག་ལ་ཐུག་ཡོད་པ་གསལ་བཤད་གནང་ཡོད། གཞན་ཡང་སྐབས་དེར་སེར་བྱེས་ཧར་གདོང་ཁང་མཚན་གྱི་དགེ་བཤེས་ངག་དབང་ཐུགས་རྗེ་ལགས་ཀྱིས་ཀྱང་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་གལ་ཆེ་ཡིན་སྐོར་གསུང་བཤད་གནང་ཡོད། དེ་རྗེས་རྒྱལ་ས་མོ་སི་ཁོར་བརྟེན་གཞི་བྱས་པའི་བོད་ཁང་ Tibet House གི་འགན་འཛིན་གཞོན་པ་ལྕམ་སྐུ་ན་ཌ་ཡ་བྷར་ཀེན་ཇིམ་ Mrs. Nadya Berkengeym ལགས་ཀྱིས་ཨུ་རུ་སུའི་མང་ཚོགས་ཀྱིས་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཤུགས་ཆེ་གནང་ཡོད།

ཐེངས་འདིར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་རྒྱལ་ས་མོ་སི་ཀོར་ཕྱི་ཚེས་ ༨ ཉིན་འབྱོར་མཚམས། རེ་ཌི་སི་ཀོ་ཝེར་ Red Square ཞེས་པའི་ཨུ་རུ་སུའི་གྲོས་ཚོགས་ལས་ཁུངས་ཡོད་ས་ཀིར་མི་ལེན་ Kremlin ཞེས་སྙན་གྲགས་ཆེ་བའི་ས་ཁུལ་དེར་སྐོར་བསྐྱོད་གནང་ཡོད། སྐོར་བསྐྱོད་ཀྱི་ལས་འགུལ་སྐབས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་ཡོད། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་མོ་སི་ཀོ་ནས་ཕྱི་ཟླ་ ༩ ཚེས་ ༢ ཉིན་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་དང་ཐུ་ཝ། བྷུར་ཡཊ་བཅས་ཀྱི་ནང་རིམ་བཞིན་གནང་རྒྱུ་ཡིན་འདུག དྲ་རྒྱའི་ལམ་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་བཞིན་ཨུ་རུ་སུའི་སྐད་ཡིག་ཐོག་དྲ་རྒྱའི་བརྒྱུད་ལམ་བཞིའི་ནང་ལས་འགུལ་སྤེལ་མུས་ཡིན་པ་རེད་འདུག།

Menu