ཨུ་ཏར་ཁན་ཌི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ། 

༄༅། །བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ནས་ཟླ་ ༡༢ ཚེས་ ༢ བར་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་དང་། ཨུ་ཏར་པར་དེ་ཤི་མངའ་སྡེ་གཉིས་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་དབུ་འཛུགས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པ་ཙམ་ལ་བོད་མི་མང་སྤྱི་འཐུས་རྣམ་པས་སྡེ་ར་ལྡུན་དགེ་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་ཁུངས་སུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat-Tibet Samanvay Sangh) ཞེས་པའི་རྒྱལ་ཡོངས་ཚོགས་གཙོ་སློབ་དཔོན་པི་ ཌི་ ཇུ་ཡུལ་ (Prof. P. D Juyul) ལགས་དང་། སྡེ་ར་ལྡུན་ས་གནས་ཀྱི་ཚོགས་གཙོ་སྨན་པ་ཇི་རེ་ཤི་ སིངྒ་ ནི་གྷི་ (Dr. Giresh Singh Negi) ལགས།ཚོགས་མི་སྤྱི་ཚོགས་ཞབས་ཞུ་བ་དང་། བུད་མེད་ཁེ་ལས་པའི་སློབ་སྟོན་པ་ལྕམ་སྐུ་རཱ་མཱ་ གྷོ་ཡལ་ (Mrs Rama Goyal) ལགས་བཅས་དང་ལྷན་མཇལ་འཕྲད་གནང་སྟེ། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཨུ་ཏར་ཁན་ཌི་མངའ་སྡེའི་གཞུང་ནས་འདས་པའི་ལོ་ངོ་ ༦༠ ལྷག་རིང་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི་རྣམས་ལ་གཟིགས་སྐྱོང་གང་ལེགས་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་དམར་གཞུང་འོག་བོད་ནང་གི་ཆོས་དང་། སྐད་ཡིག རིག་གཞུང་། ཁོར་ཡུག དེ་བཞིན་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། བོད་དོན་ཐོག་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་རྗེས། འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས། བོད་དེ་རྒྱ་གར་ལ་ཇི་ཙམ་གྱི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་མེད་སྐོར་གྱི་འགྲེམས་ཤོག ལོ་རྒྱུས་ཐོག་བོད་རང་དབང་རང་བཙན་ཡིན་པའི་བདེན་དཔང་དུ་བོད་ཀྱི་ཕྱི་བསྐྱོད་ལག་འཁྱེར་གྱི་ངོ་བཤུས་བཅས་ཕུལ་གནང་འདུག

སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat-Tibet Samanvay Sangh) ཞེས་པའི་རྒྱལ་ཡོངས་ཚོགས་གཙོ་སློབ་དཔོན་པི་ ཌི་ ཇུ་ཡུལ་ (Prof. P. D Juyul) ལགས་དང་། སྡེ་ར་ལྡུན་ས་གནས་ཀྱི་ཚོགས་གཙོ་སྨན་པ་ཇི་རེ་ཤི་ སིངྒ་ ནི་གྷི་ (Dr. Giresh Singh Negi) ལགས་རྣམ་གཉིས་ཀྱིས་ས་གནས་བོད་མིའི་གཞིས་ཆགས་ལས་ཁུངས་དང་། ས་གནས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་དུས་རྒྱུན་ནས་འབྲེལ་ལམ་ཟབ་མོ་ཡོད་པའི་སྐོར་དང་། ཚོགས་པའི་རྩ་བའི་ལས་དོན་གཉིས་ཏེ། བོད་ལ་རང་བཙན་འཐོབ་ཆེད་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་དང་། གནས་ཆེན་གངས་རིན་པོ་ཆེར་རང་དབང་ཐོག་གནས་མཇལ་དུ་འགྲོ་ཐུབ་རྒྱུའི་ཐབས་ལམ་འཚོལ་བཞིན་ཡོད་པའི་སྐོར། ཚོགས་པའི་ངོས་ནས་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་སྐོར་གོ་རྟོགས་སྤེལ་དང་སྤེལ་མུས་དང་། བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྔར་ལྷག་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་གནས། བོད་སྨན་གྱིས་བོད་མི་ཙམ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་ཀྱི་ཡོད་པས། མི་མང་པོས་བོད་སྨན་ལ་དགའ་མོས་དང་། ཡིད་ཆེས་བྱེད་ཀྱི་ཡོད་སྟབས། བོད་སྨན་གྱི་ཐོག་ནས་ཞབས་ཕྱི་རྒྱ་གང་ཆེ་སྤེལ་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་གནས། དེ་བཞིན་ཌུན་གཙུག་ལག་སློབ་ཆེན་ནང་བོད་ཀྱི་སྐད་ཡིག་གི་སྡེ་ཚན་ཞིག་འཛུགས་ཆེད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་དེ་སྔོན་ནས་འབྲེལ་བ་ཞུས་ཟིན་པའི་སྐོར་དང་། མ་འོངས་པར་ལས་དོན་དེ་གང་མགྱོགས་འགོ་བརྩམ་ཐུབ་པའི་རེ་བ་གནང་བཞིན་ཡོད་ཅེས་གསུངས་གནང་ཡོད་པ་བཅས།