ཨིན་ཇིའི་སྲིད་བློན་གསར་པར་འཚམས་འདྲི།

theresa-may-720x340ལྕམ་སྐུ་ Theresa May མཆོག་ཨིན་ཇིའི་སྲིད་བློན་དུ་བདམས་ཐོན་མཛད་འཁུར་བཞེས་ཟིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁོང་ལ་འཚམས་འདྲིའི་ཕྱག་བྲིས་ཤིག་འབུལ་ལམ་ཞུས་ཡོད་པ་རེད། འཚམས་ཞུ་དེའི་ནང་སྲིད་བློན་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་ཞུ་དང་སྦྲགས་ཁོང་གིས་དབུ་འཁྲིད་འོག་ཨིན་ཡུལ་གྱི་མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡོང་བའི་རེ་སྨོན་དང་། ད་ཕན་ཨིན་ཡུལ་གྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་བཞིན་པ་རྣམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཨིན་ཡུལ་གྱི་སྲིད་བློན་གོང་མ་སྐུ་ཞབས་ David Cameron མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་ཡོད་པར་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་སྙིང་ནས་གུས་བརྩི་དང་བསྔགས་བརྗོད་ཞུ་བཞིན་ཡོད་པ། ཨིན་ཡུལ་ནི་བོད་རྒྱལ་ཁབ་རྒྱའི་དབང་འོག་ཏུ་མ་ཚུད་གོང་བོད་དང་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་འགའ་ཤས་ཡོད་པའི་གྲས་ཡིན་ཞིང་། རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་འཛུལ་སྐབས་ཀྱི་དཔང་པོ་གལ་ཆེ་ཤོས་ཤིག་ཡིན་པས་ཨིན་ཡུལ་གྱི་རྒྱབ་སྐྱོར་ནི་བོད་དོན་ཆེད་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལྟ་བོད་མི་ཚོས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་བཞིན་ཡོད་པར་རྒྱབ་སྐྱོར་གནང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་སྐོར་བཅས་འཁོད་ཡོད་པ་རེད།།