ཨི་སི་ཏོ་ནའི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དོན་ངོ་སྤྲོད།

ཚེས་ ༣༠ ཉིན་ཨི་སི་ཏོ་ནའི་ཡ་ཊར་ཊོའི་གཙུག་ལག་སློབ་གྲྭ་ University of Tartu ཆེན་མོའི་ནང་། ཆུ་ཚོད་ ༡༡།༣༠ ནས་ཆུ་ཚོད་གཉིས་ཙམ་གྱི་རིང་ལ། བོད་ཀྱི་མ་འོངས་པའི་ཆེད་དུ་ལས་དོན་སྒྲུབ་ Working for the future of Tibet ཟེར་བའི་བརྗོད་གཞིའི་ཐོག་གཙུག་ལག་སློབ་གྲྭ་དེའི་སློབ་མ་དང་དགེ་རྒན་སོགས་དང་ལྷན་དུ་བགྲོ་གླེང་བྱས། དེ་ཡང་ཐོག་མར་བོད་ཀྱི་གནད་དོན་དང་རང་ལུས་མེར་སྲེག་གི་སྐོར། ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་བཞིན་པའི་སྐོར་ཞིབ་ཚགས་ཙམ་གཏམ་བཤད་བྱས། ཚོགས་ཞུགས་བ་ཚོས་དོ་སྣང་ཆེན་པོས་དྲི་བ་སྣ་བཏང་བྱུང་བ་དང་། དེའི་ནང་ནས་རྒྱ་རིགས་སློབ་མ་ཞིག་གིས། ང་རྒྱ་ནག་ཏུ་ཡོད་དུས་བོད་ལ་འགྲོ་མྱོང་མེད་ཀྱང་། ངའི་གྲོགས་པོ་ཞིག་བོད་དུ་སོང་ནས་ཧ་ཅང་སྐྱིད་པོ་འདུག་ཤོད་ཀྱི་འདུག་པས་ཁྱེད་རྣམས་ཀྱི་གཏམ་བཤད་ཇི་ལྟར་རེད་ཟེར་བ་དང་། ཡང་ཁོ་པས། བོད་མི་མི་རེའི་ལོ་རེའི་ཡོང་འབབ་ GTP མཐོ་རུ་འགྲོ་བཞིན་པའི་སྐོར་རྒྱ་ནག་གཞུང་གིས་གསུང་གི་འདུག་པས་བོད་ནང་འཚོ་བའི་དཀའ་ངལ་གང་ཡོད་ཅེས་དྲིས། དེ་མིན་ཡུལ་དེ་དང་ནུབ་ཕྱོགས་ཀྱི་སློབ་མ་ཚོས། བོད་དུ་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཇི་ཙམ་ཡོད་མེད་དང་། བོད་དུ་དགོན་པ་ཁག་སྐྱར་བཞེངས་བྱས་དང་བྱེད་བཞིན་ཡོད་པས་དེར་ནང་ཆོས་སྦྱང་སའི་གོ་སྐབས་ཡོད་མེད། རྒྱ་གར་དུ་ཡོད་པའི་དགེ་འདུན་པ་ཚོ་བོད་དུ་ལོག་ནས་ཆོས་ཕྱོགས་ཀྱི་ལས་ཀ་བྱེད་ཆོག་མིན། བོད་ཀྱི་འབྲོག་པ་གྲོང་གསེབ་ཅན་དུ་བསྒྱུར་བ་དེས་མ་འོངས་བོད་ཀྱི་གནས་སྟངས་ཇི་ལྟར་ཆགས་མིན། རང་ལུས་མེར་སྲེག་གི་གནས་སྟངས་དེ་ད་དུང་སྡུག་ཏུ་འགྲོ་སྲིད་མིན། དབུ་མའི་ལམ་གྱི་དགོངས་གཞིའི་འོག་ཏུ་བོད་ཀྱི་ས་ཁུལ་ཇི་ལྟར་ཚུད་ཡོད་མེད་ཅེས་སོགས་དྲིས་བྱུང་བ་བཅས་ལ་རེ་རེ་བཞིན་ལན་འདེབས་ཞུས། ད་དུང་ལམ་ཞོར་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྒེར་པ་བཅས་ལ་མུ་མཐུད་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་ཞུས་པ་ཅེས།

ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་གིས།

 

DSCN0128

 

 

DSCN0133

 

 

Menu