
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ པའི་ཚེས་ ༦ ཉིན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད་འདུག ཐེངས་འདིའི་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནང་། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ཊོ་མཱ་སེ་ ཨུ་ཡི་བྷོ་ (Toomas Uibo) མཆོག་དང་། གྷི་རི་གྷོ་རེ་ ཀ་ལེ་ཝི་ སི་ཊོ་ཡི་སི་ཀུ་ (Grigore-Kalev Stoicescu) མཆོག ཊི་ཊི་ མཱ་རན་ (Tiit Maran) མཆོག ཀཱ་དྷི་རི་ ཊཱ་ལི་ (Kadri Tali) མཆོག་བཅས་དང་། དེ་བཞིན་ཕྱི་འབྲེལ་དང་། ཁེ་ལས་པ། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་པ། ཞིབ་འཇུག་པ། སྒྱུ་རྩལ་བ་བཅས་སྡེ་ཚན་འདྲ་མིན་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ཕེབས་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རོཡེ་ སི་ཊིརི་ཌར་ (Roy Strider) ལགས་ཀྱིས་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཙམ་མ་ཡིན་པར། སྡེ་ཚན་འདྲ་མིན་གྱི་ཆེད་ལས་མི་སྣ་དང་སྐུ་ཚབ་སོགས་བཞུགས་སྒར་རྡ་རམ་ས་ལར་མཉམ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དང་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་གཉིས་དབར་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་འབྲེལ་བ་དང་། ལྷག་པར་དུ་ཕྱིའི་དབང་སྒྱུར་འོག་ཚུད་མྱོང་བ་དང་། སོ་སོའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་། རིག་གཞུང་། འཚོ་བའི་གོམས་གཤིས་བཅས་སྲུང་སྐྱོབ་ཡོང་ཐབས་སུ་འཐབ་རྩོད་བྱས་པའི་ཉམས་མྱོང་གཅིག་མཚུངས་ཡོད་སྐོར་དང་།

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་དོན། ད་ལྟའི་དུས་སྐབས་འདི་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་ཛ་དྲག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་ཞིང་། རྒྱ་ནག་དམར་གཞུང་གིས་བོད་ནང་ཆོས་དད་རང་དབང་བཙན་འཕྲོག་དང་། སྨྲ་བརྗོད་རང་དབང་བཀག་སྡོམ། སྣོད་བཅུད་ཁོར་ཡུག་ལ་གཏོར་བཅོམ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། དཔལ་འབྱོར་ཡར་རྒྱས་ལ་ཁག་དཀྲི་བྱས་ཏེ་མི་སེར་སྤེལ་བའི་ངན་བྱུས། གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱས་བཅུག་པ། ཉེ་ཆར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་བརླག་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་ནང་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། དངོས་ཡོད་གནས་ཚུལ་ལ་ལོག་འགྲེལ་བྱེད་བཞིན་ཡོད་སྟབས། བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་གནས་སྟངས་ཐོག་ཞིབ་འཇུག་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་དང་། དེ་བཞིན་བོད་ནི་ཨེ་ཤི་ཡའི་ཆུ་མཛོད་དང་། འཛམ་གླིང་གི་སྣེ་གསུམ་པ་ཆགས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ། འཇིགས་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་ལ་གསུངས་འདུག

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་བཅས་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་ངོ་སྤྲོད་དང་། ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་སླད་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཕྱིར་རང་ཡུལ་དུ་འཁོར་རྗེས། འདི་ནས་ཉམས་མྱོང་གང་ཐོབ་པ་རྣམས་སོ་སོའི་ལས་རོགས་དང་སྤྱི་ཚོགས་ནང་གང་མང་སྤེལ་ཐབས་དང་། བོད་དོན་སྐོར་འགྲེལ་བརྗོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར། ཁོང་རྣམ་པས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་གནས་དང་། བོད་དང་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་དབར་གཅིག་མཚུངས་ཀྱི་འཐབ་རྩོད་ཀྱི་ལོ་རྒྱུས་ཡོད་སྐོར་གསུངས་འདུག་པ་བཅས།
